དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

    ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-28

    ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2025ལོའི་ཚོགས་འདུ་ཐེངས་8པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་3པ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་དང་འབྲེལ་ཡོད་གྲོས་གཞི་སྒྲུབ་སྐུལ་གྱི་བརྟག་ཞིབ་སྙན་ཞུ་དང་ལྟ་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད།

    བསོད་ནམས་ཉི་མ་དང་། མོང་ཞའོ་ལིན། པད་མ་དབང་འདུས། སྒྲོལ་དཀར་བཅས་ཞུགས་པ་དང་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་ཡོད་པ་རེད།

    ལིའུ་ཅང་གིས་སྲིད་གྲོས་ཏང་ཙུའུ་དང་། ཞུགས་མཁན་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཞི་ཅིན་ཕིང་གི་ཕྱི་འབྲེལ་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རང་འགུལ་ངང་ཀྲུང་གོའི་མི་དམངས་ཀྱི་དམངས་གཙོའི་གཏམ་རྒྱུད་དང་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་དང་ནུས་པ་བཏོན་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ལ་རོགས་རམ་བྱ་ཆེད་སྤུས་ཚད་མཐོ་བའི་གྲོས་འགོ་འདོན་དགོས་པའི་ནན་བཤད་གནང་བ་རེད། མི་ཐབས་རིག་ནུས་འཕེལ་རྒྱས་ལ་དམིགས་ནས་སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཏུ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བརྟག་ཞིབ་དང་སྲིད་གླེང་གཏིང་ཟབ་བྱེད་པ། གྲོས་མོལ་དང་གྲོས་འགོ་ཧུར་ཐག་འདོན་དགོས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱལ་སྲུང་ལ་སེམས་ཁུར་དང་། དམག་དཔུང་ལ་དགའ་ཞེན། དམག་མིར་བརྩི་བཀུར་བཅས་བྱེད་པའི་རྣམ་པ་བཟང་པོ་མུ་མཐུད་གཏོད་དགོས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ། ལས་བྱེད་པ་དང་ལས་བཟོའི་ཁྱིམ་ཚང་ཡག་པོ་འཛུགས་དགོས། གཞོན་ནུ་ཨུ་ཡོན་དང་ན་གཞོན་ལས་བྱེད་པའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་ལ་འཇོན་ཐང་དེ་བས་ཆེ་རུ་གཏོང་དགོས། ཉེན་ཁའི་འདུ་ཤེས་ཟབ་ཏུ་དང་མཐའ་ཚད་འཛིན་སེམས་ཆེ་རུ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་གྱིས་རྒྱུན་ལྡན་ནས་རྟོག་ཞིབ་དང་གྲོས་མོལ་ལྟ་སྐུལ་བྱེད་དགོས། གྲོས་གཞིའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་བཏང་སྟེ། ལས་རིགས་ཁག་གི་ཨུ་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་དེར་གོ་བ་གཏིང་ཟབ་བླངས་ཏེ། དགོངས་པའི་ངོ་བོ་ཁོང་དུ་ཆུད་པ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། “རིག་དཔལ་དར་བའི་སྲིད་གྲོས”འཛུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྲིད་གྲོས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་། དྲ་རྒྱའི་བདེ་འཇགས། ཆ་འཕྲིན་ཅན་བཅས་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། གྲོས་མོལ་སྲིད་གྲོས་ཀྱི་ལེགས་ཆ་ཡག་པོ་འདོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ། བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིག་གནས་སྟོབས་ཆེའི་ཁུལ་སྐྲུན་པར་སྲིད་གྲོས་ཀྱི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ནས“གཅིག་སྒྲིལ་བཞིར”སྐུལ་འདེད་སྔར་ལས་ལེགས་པ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།