ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ།
ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་སར་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཀརྨ་ཚེ་བརྟན་དངོས་སྦྱོང་འཁོར་ཁང་དུ་ཕེབས་ནས་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། སློབ་གྲྭའི་སློབ་གཉེར་གྲུབ་འབྲས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་རིང་ལས་རིགས་སློབ་གསོའི་ནུས་པ་འདོན་ས་མང་པོ་ཡོད། ལས་ཞུགས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ཆེད་ལས་བཀོད་སྒྲིག་བྱེད་པ་དེ་ཐོན་ལས་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོ་དང་རྟ་སྒ་ཆ་སྒྲིག་ཡོང་བར་མཐོང་ཆེན་བྱེད་པ། རང་ལྗོངས་ཀྱི་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་གྲྭ གཙོ་གནད་རྣམ་གྲངས་བཅས་ཀྱི་འཕྲལ་མཁོ་ཆེ་བ་དང་ཁ་ཚ་དགོས་གཏུགས་ཀྱི་ཤེས་ལྡན་པ་དང་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་གནད་སྨིན་འབྲེལ་མཐུད་བྱེད་པ། སློབ་གསོའི་འཁོར་འབྲེལ་དང་། ཤེས་ལྡན་པའི་འཁོར་འབྲེལ། ཐོན་ལས་འཁོར་འབྲེལ། གསར་གཏོད་འཁོར་འབྲེལ་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་དུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོར་སྟངས་འཛིན་ནན་པོ་བྱས་ནས་ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་དམ་པོར་དམིགས་པ། བསམ་བློ་ཆབ་སྲིད་སློབ་གསོའི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། སློབ་གསོའི་མི་དམངས་ཀྱི་ངོ་བོར་སྟངས་འཛིན་ནན་པོ་བྱས་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། བོད་སྐྱོར་ཐོན་ཁུངས་ཡག་པོ་དང་ཆ་ཚང་བར་སྤྱོད་པ། སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། སློབ་གསོའི་སྒྲིག་གཞི་ལེགས་སུ་གཏོང་བ། སློབ་གསོ་དྲང་གཞག་ལ་སྐུལ་སྤེལ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སློབ་གསོ་སྤུས་ལེགས་ཆ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཁོ་སྤྲོད་དང་དགོས་མཁོ་སྐབས་བསྟུན་དོ་སྙོམས་ཡོང་བར་བྱེད་དགོས། སློབ་གསོའི་འཐབ་ཇུས་ཀྱི་ངོ་བོར་སྟངས་འཛིན་ནན་པོ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དང་བོད་ཀྱི་འཕེལ་རྒྱས་དགོས་མཁོར་དམ་པོར་གཞིགས་པ། རིག་ཚན་ཆེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཤེས་ལྡན་པ་རང་རྟེན་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་ཏན་ཏིག་བཏང་སྟེ། སློབ་གསོའི་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཀརྨ་ཚེ་བརྟན་གྱིས་ས་གནས་ས་ཐོག་ཏུ་ཁ་པར་བརྒྱུད་2025ལོའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་ནན་པོར་དཀྲིས་ནས། ཡིག་རྒྱུགས་དང་འབྲེལ་བའི་གོ་རིམ་ཧྲིལ་པོའི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། ཡིག་རྒྱུགས་ཁག་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་དང་མཉམ་འགུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། སེམས་རྩ་འཁོལ་པོས་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུས་ཏེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་བློ་བདེའི་ངང་ཡིག་རྒྱུགས་གྲ་སྒྲིག་དང་། བག་ཕེབས་ངང་ཡིག་རྒྱུགས་ལ་ཞུགས་པ། སེམས་ལྷོད་པོའི་ངང་ཡིག་རྒྱུགས་གཏོང་བ་བཅས་ཐུབ་པར་བྱས་ནས། སློབ་མ་མང་པོར་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་དགོས་ཞེས་གསུངས་པ་རེད།