ཝང་ཅུན་ཀྲེང་གིས་2025ལོའི་རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུཌ་ཀྱི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་5ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ནགས་དཔོན་དང་སྤྱི་ཁྱབ་ཆུ་དཔོན་ཝང་ཅུན་ཀྲེང་གིས་2025ལོའི་རང་སྐྱོང་ལྗོངས་ཀྱི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་མཐའ་གཅིག་ཏུ་བྱེད་དགོས།
ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་ནགས་དཔོན་ལམ་ལུགས་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ནགས་དཔོན་དང་ཆུ་དཔོན་མཚོ་དཔོན་གྱི་ལས་འགན་སྒྲུབ་ཚུལ་གསན་པ་མ་ཟད། 2025ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། མངོན་མེད་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ལྟར་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། ནགས་དཔོན་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ནགས་རྩྭ་ཆུ་མཚོ་དོ་དམ་སྲུང་སྐྱོང་གི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྐྱེ་ཁམས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “རི་གཉིས”ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ་དང་ལམ་ལུགས་ཀྱི་ལེགས་ཆ་སྔར་བས་བཏོན་ནས། སྲུང་སྐྱོང་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཁྲོད་ཆུ་ཚད་སྔར་བས་མཐོ་བའི་སྲུང་སྐྱོང་ཐུབ་པ་མཐའ་འཁྱོངས་བྱེད་པ། དམིགས་ཚད་ཀྱི་ཁྲིད་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནགས་རྩྭ་འཕེལ་རྒྱས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང། སྔོ་རྒྱ་ཆེར་གཏོང་དང་། སྔོ་རྒྱ་དར་སྤེལ། སྔོ་རྒྱ་སྲུང་སྐྱོང་བཅས་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་ངང་སྤེལ་བ་བཅས་བྱས་ནས། “གཙང་པོ་གཉིས་དང་ཆུ་བོ་བཞིའི”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་དང་ལྷོ་རི་བྱང་རིའི་སྔོ་འགྱུར་སོགས་ཀྱི་གཙོ་གནད་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤུས་ཚད་དང་ཕན་འབྲས་ལ་མཐོང་ཆེན་བྱས་ཏེ། སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཆེད་ཡིན་པ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་། ནགས་ཁྲོད་ཁམས་གསོ། ནགས་གསེབ་དཔལ་འབྱོར་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པར་བྱེད་དགོས། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་དང་དོ་དམ་བྱེད་མགྱོགས་སུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་ནན་པོར་བསྲུངས་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚོའི་སྐྱེ་ཁམས་ཧུར་ཐག་གཏོད་པ་དང་། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། ཆུ་བོ་དང་མཚོ་དོ་དམ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་རིང་གི་གཙོ་གནད་དང་། དཀའ་གནད། འགག་གནས་བཅས་ལ་དམིགས་ཏེ། གནད་སྨིན་ཤུགས་འདོན་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པ། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་བོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཙང་པོ་ཤང་ཤང་དུ་རྒྱུག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། མཚོ་ངོགས་སྔོ་ཞིང་མཛེས་པ། ཡུལ་ལྗོངས་ལྟ་ན་སྡུག་པ། མི་སེམས་མཐུན་པ་བཅས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཧུར་ཐག་གཏོད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། ནགས་རྩྭ་ཆུ་མཚོ་བཅས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ནགས་དཔོན་ལམ་ལུགས་དང་། ཆུ་དཔོན་ལམ་ལུགས། མཚོ་དཔོན་ལམ་ལུགས་བཅས་ཀྱི་དོ་དམ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ནགས་དཔོན་དང་། ཆུ་དཔོན། མཚོ་དཔོན་བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་འདོན་པ། ལག་རྩལ་གྱི་འདེགས་སྐྱོར་ཆེ་རུ་གཏོང་བ་བཅས་བྱས་ནས་ལྟ་ཞིབ་ཚད་ལེན་དང་། སྔོན་ཚུད་ཉེན་བརྡ། འཕྲལ་སྡོམ་མ་ལག་བཅས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།