རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་དགུ་པ་འཚོགས་པ།
ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།
ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་ཞེ་དགུ་པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་ཁོ་དང་། རྒྱལ་མཚན། ཝང་ཅུན། འཇམ་དཔལ། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི《བོད་རང་སྐྱོང་ལྗོངས་ཀྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་གྲམ་དམར་རྟགས་ཚོགས་པའི་བཅའ་ཁྲིམས>ལག་བསྟར་བྱེད་ཐབས(བཟོ་བཅོས་འཆར་ཟིན)》ཀྱི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་དང་ཁྲིམས་འཛུགས་བརྟག་ཞིབ་སྙན་ཞུ་ཉན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞིང་ལས་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གི《བོད་རང་སྐྱོང་ལྗོངས་ཀྱི་ཐིག་ལེན་རིས་འབྲིའི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་ཞུ་ཉན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི《<གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྒྱུར་ཞིབ་བཤེར་བྱ་ཐབས>ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་དང《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་ཉན་པ། མི་དོན་བསྐོ་འཐེན་གྱི་དོན་གནད་ལ་ཞིབ་འཇུག་བྱས་ནས་གོང་གསལ་གྱི་སྙན་ཞུ་དང་། ཁྲིམས་སྲོལ། དོན་གནད་སོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པར་གྲོས་ཞིབ་དང་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།
ཚོགས་འདུའི་ཐོག 2024ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་བསྒྲུབས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གི་བརྟག་ཞིབ་སྙན་ཞུ་དང་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཞིང་ལས་གྲོང་གསེབ་དང་། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས་བཅས་ཀྱི་ལས་བྱེད་པའི་གསོ་སྦྱོང་ལས་དོན་གྱི་ཕྱོགས་སྡོམ་སྙན་ཞུ་ཉན་པ་རེད།
ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་དང་། ཁྲིམས་སྐྱོང་གཅིག་གྱུར། དངོས་སྒྲུབ་གོ་ཆོད་བཅས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པར་བྱས་ཏེ། གནད་དོན་དངོས་ཐག་གཅོད་བྱ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་བཟོ་བཅོས་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇཌ་ལ་སྤྱི་འདོམས་བྱེད་པ། གནད་དོན་གྱི་སྟོན་ཕྱོགས་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་ལམ་ལུགས་ཇུས་འགོད་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ལ་བདེ་འཇགས་ཀྱི་མཐའ་ཚད་ཀྱང་བརྟན་པོ་སྲུང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མུ་མཐུད་བརྟན་པོ་འཛུགས་དགོས་པ་སྟེ། གཅིག་ནས་ཁྲིམས་འཛུགས་ཀྱི་འགོག་སྲུང་སྲུང་བཅད་བརྟན་པོ་བཙུགས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལྷན་སྦྱར་ཁྲིམས་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་ལྟ་སྐུལ་ཐད་ནུས་པ་ཤུགས་ཆེན་བཏོན་ནས་སྐྱེ་ཁམས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་འདྲི་ཞིབ། ལས་ཀའི་དཔྱད་གླེང་སོགས་བྱེད་དགོས་པ། གསུམ་ནས་འཐུས་མིས་སྔོན་ལ་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་སླར་གསོ་དང་། སྦགས་བཙོག་འགོག་བཅོས། ལྗང་མདོག་ཕྱོགས་སྒྱུར་བཅས་ལ་དམིགས་ནས་སྤུས་ཚད་མཐོ་བ་དང་རིན་ཐང་ཡོད་པའི་གྲོས་གཞི་དང་གྲོས་འགོ་ཁག་གཅིག་འདོན་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།