དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-24

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྦྲག་སྲིད་ལས་རིགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་རང་ངོས་ཀྱི་འགན་ནུས་ལེགས་ཆ་གང་ལེགས་བཏོན་ཏེ་ཞབས་ཞུ་འགན་སྲུང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གོ་སྦྲག་སྲིད་བོད་ལྗོངས་ཡན་ལག་ཀུང་སི་ལྷ་ས་སྦྲག་ཁུལ་ལྟེ་གནས་ཅུས་སུ་ཕེབས་སྐབས། ཀརྨ་ཚེ་བརྟན་གྱིས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁག་བགོས་འཁོར་ཁང་དུ་ཕེབས་ཏེ་བསྐུར་མ་བརྒྱུད་འདྲེན་དང་། སྦྲག་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་བསྒྲུབས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྦྲག་སྲིད་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་ཁྲིད་རང་བཞིན་བཅས་ཀྱི་ཐོན་ལས་ཤིག་ཡིན་པས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ལས་རིགས་ཀྱི་ལེགས་ཆ་བཏོན་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཀུན་ཁྱབ་ཞབས་འདེགས་ཡག་པོ་ཞུས་ནས“སྲིད་བཀའ་ཤར་བགྲོད་དང་། ཚོང་དོན་ཤར་བགྲོད། དམངས་འཚོ་ཤར་བགྲོད”བཅས་ཡོང་བའི་ཟབ་ཚད་དང་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཞན་ཆ་གང་ཐུབ་བསབས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ནས་འཛད་ཟོག་རྩེ་གྲ་གཤམ་གཏོང་དང་། ཁྱད་ལྡན་ཐོན་རྫས་གྲོང་ཁྱེར་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་ཐུབ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་ལས་བཟོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ལས་ཀ་བསྒྲུབས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རང་རྟོགས་ངང་འགན་ཁུར་ནས་ལས་དོན་བསྒྲུབས་ཏེ་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་དང་། དམངས་འཚོ། དམངས་སེམས་བཅས་ལ་ཕན་པའི་བརྩིས་མང་ཙམ་བརྒྱབ་སྟེ་དུས་རབས་གསར་པར“མི་དམངས་སྦྲག་སྲིད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་ལས་དོན་དང་། གཙོ་གནད་རྣམ་གྲངས། གཙོ་གནད་ལས་འགན་བཅས་ཇུས་འགོད་ཞིབ་ཚགས་ཀྱིས་ཆད་སྐྱོན་དང་ཞན་ཆ་གང་མགྱོགས་བསབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་བརྟག་ཞིབ་ལ་ལྷན་དུ་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།