དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-23

    ● རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཞུང་དོན་ཐིང(ཁང)ཁོངས་གཏོགས་ཀྱི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། རང་འགན་གཙང་སྒྲུབ་ཀྱིས་ལས་དོན་ཧུར་ཐག་སྒྲུབ་པ། གཞུང་དོན་ཐིང(ཁང)ཁོངས་གཏོགས་ཀྱི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡང་ཡིན་པས། གཞུང་དོན་ཐིང(ཁང)ཁོངས་གཏོགས་ཀྱི་འགན་འཁྲི་དང་ལས་འགན་ཧ་ཅང་ལྕི་པོ་ཡོད། གཞུང་དོན་ཐིང་གི་ལས་དོན་གྱི“མཐའ་འཁྱོངས་ལྔའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས“ཞབས་འདེགས་གསུམ”གྱི་ལས་དོན་ཡག་པོ་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་འབུལ་དགོས།

    ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དེ་ཆབ་སྲིད་ཀྱི་རྩ་དོན་དང་པོ་དང་། ཆབ་སྲིད་ཀྱི་རང་གཤིས་དང་པོ། ཆབ་སྲིད་ཀྱི་གཤིས་རྒྱུད་དང་པོ་བཅས་ལ་བརྩིས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་། ཏང་གཤིས་ཀྱི་ལངས་ཕྱོགས་བརྟན་དུ་དང་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཡིན་མིན་ཆེན་པོའི་མདུན་དུ་རིག་པ་དྭངས་གསལ་དང་དར་ཆ་གསལ་སྟོན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། དོན་དག་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཀྱི་གནད་འགག་ལ་དམ་འཛིན་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་མཁས་པོ་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

    སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས། སྤྱི་ཡོངས་ལ་ལྟ་བ་དང་། འཕེལ་ཕྱོགས་ཆེན་པོ་དོན་གཉེར། དོན་དག་ཆེན་པོར་དམ་འཛིན་བཅས་དེ་བས་ལེགས་པར་བྱས་ཏེ། མིག་སྔའི་གཞུང་དོན་ཐིང(ཁང)གི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་ངོས་ཀྱི་ངེས་གནས་འཚོལ་བ་དང་ལྟེ་བའི་ནུས་པ་བཏོན་ཏེ། རང་འཁྲིའི་ལས་དོན་དེ་བོད་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། མི་དམངས་སེམས་ཀྱི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་པ། གནས་ཚུལ་ལ་མཐིལ་རྟོགས་གནད་སྨིན་དང་། གནད་དོན་གནད་སྨིན་འཚོལ་བ། ཐབས་ཇུས་གནད་སྨིན་བཀོད་དེ། ལས་ཀའི་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ནས། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    “ཞབས་ཞུ་གསུམ”གྱི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ལས་གནས་ལ་གཞི་ཚུགས་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། གཙོ་འགན་གཙོ་ལས་ལ་དམིགས་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་ཞན་ཆ་སེལ་བ། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་དང་ལས་ཀའི་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ལས་དོན་ཁག་གི་འབྲེལ་མཐུད་བྱེད་གནས་དང་། འཇུག་སྒོ ཤུགས་རྒྱག་ས་བཅས་གནད་འཁེལ་འཚོལ་བ་དང་ལྷུ་ཚིགས་རེ་རེ་དང་གོ་རིམ་ཁག་ལ་བསམ་གཞིག་ཞིབ་ཕྲ་དང་ཞིབ་འཇུག་ཡང་ཡང་བྱས་ནས། འབྲེལ་མཐུད་དམ་ཟབ་དང་། སྦྲེལ་མཐུད་གོ་རིམ་ལྡན་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ཚན་རིག་དང་མཐུན་པའི་ལས་ཀའི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། མིག་སྔར་གཞི་ཚུགས་ནས་ཕན་འབྲས་དོན་གཉེར་དང་ཕུགས་ལ་དམིགས་ནས་ཕུགས་ཕན་དོན་གཉེར་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་དོན་གཉེར་དང་རང་འགུལ་ངང་ཞབས་འདེགས་ཞུ་བའི་ཁྲོད་གསར་གཏོད་བརྩོན་ལེན་བྱས་ནས། གཞུང་དོན་ཐིང(ཁང)གི་སྤྱི་འདོམས་མཐུན་སྦྱོར་དང་། ཇུས་འདོན་ལས་རོགས་པ། ལྟ་སྐུལ་ཞིབ་བཤེར། ཞབས་ཞུ་འགན་སྲུང་སོགས་ཀྱི་ནུས་པ་ཡག་པོ་བཏོན་ཏེ། སྤྱི་འདོམས་བྱེད་མཁས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུ་དང་འགན་སྲུང་ལས་ཀའི་རིམ་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། འགན་ནུས་མ་ལག་སྔར་བས་བདེ་བླག་དང་ལས་ཆོད་ཆེ་བ་དང་ལས་ཀའི་ཕྱོགས་སྟོན་སྔར་བས་མངོན་གསལ་དོད་པོ་ཡོང་བའི་འགན་ལེན་བྱས་ཏེ། འགན་འཁུར་དངོས་སྒྲུབ་ཁྲོད་འཇོན་ཐང་དངོས་འདོན་གང་ཐུབ་བྱེད་དགོས།

    སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། སྤྱི་ཡོངས་ནས་འགོ་འཛུགས་པ་དང་ཞིབ་ཕྲ་ནས་དམ་འཛིན་བྱས་ཏེ་ཇུས་འགོད་ཞིབ་ཚགས་བྱེད་པ་དང་། བྱ་བ་ཞིབ་ཚགས་སྒྲུབ་པ། བྱ་བ་ཚད་ལྡན་སྒྲུབ་པ་བཅས་བྱས་ཏེ། བཀོད་སྒྲིག་གལ་ཆེན་དང་གཙོ་གནད་ལས་དོན་ལ་དམིགས་ནས་གསལ་ཐོ་ཅན་གྱི་སྐུལ་འདེད་དང་། རྒྱུན་རྣམ་ཅན་གྱི་རྗེས་འདེད། ཞིབ་ཚགས་ཅན་གྱི་དོ་དམ་བཅས་བྱས་ནས་ཡིག་ཆ་བཟོ་བ་དང་། ཚོགས་འདུ་འཚོགས་པ། བྱ་བ་སྒྲུབ་པ་བཅས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་བྲེལ་བ་ཆེ་ཡང་ཟང་ཟིང་མེད་པ་དང་། གོ་རིམ་ལྡན་པ། བདེ་བླག་ངང་སྤེལ་བ་བཅས་བྱེད་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་སྲུང་དང་། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་མཐའ་འཁྱོངས་ཀྱིས་རང་ངོས་སྦྱོང་བརྡར་དང་། རང་ངོས་གཅུན་སྡོམ། རང་ངོས་འཕེལ་རྒྱས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། རང་གཅུན་སྤྱི་གཅེས་དང་། རང་གཅུན་ནན་པོ། རང་འགན་གཙང་སྒྲུབ། ཡག་ཐོག་ཡག་བརྩེགས་བཅས་བྱས་ཏེ། དཀའ་སྤྱད་ལེགས་སྐྱེས་ཁྲོད་བྱས་རྗེས་འཇོག་པ་དང་བྱ་གཞག་སྒྲུབ་པ་དང་། འབད་བརྩོན་ལྷོད་མེད་ཁྲོད་རང་ངོས་ཀྱི་བྱང་ཚད་མཐོར་གཏོང་། སྒྲུབ་བཞིན་པའི་བྱ་བ་ཞིབ་ཕྲ་དང་། སྤུས་དག ཞིབ་ཚགས་བཅས་བསྒྲུབས་ཏེ་འགོ་ཡོད་མཇུག་ཡོད་དང་བྱེད་མཁས་ལ་རྗེས་ཐོན་པ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས།

    རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། “དཔེ་བཟང་དྲུག་གི་ལས་ཁུངས”ཀྱི་བླང་བྱ་ལག་བསྟར། དམངས་ཆེད་དངོས་སྒྲུབ་དང་སྤྱོད་གཙང་ནུས་ཆེའི་སྤྱོད་གཙང་ལས་ཁུངས་ཧུར་ཐག་སྐྲུན་པ་བཅས་བྱས་ནས། སྲོལ་བཟང་སྤྱོད་བཟང་དང་ལས་ཀ་ཧུར་ཐག་སྒྲུབ་པའི་ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་དང་། ཛ་དྲག གཟབ་ནན། གྲུང་ཤ་དོད་པ་བཅས་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་དང་ལས་སྒོའི་བྱང་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་མི་ནུས་གང་ཡོད་འདོན་པ་དང་དངོས་ཤུགས་གང་ཡོད་སྤྱོད་ཐུབ་པ་བྱེད་དགོས། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་སྲིད་ལས་ཁུངས་ཁྲོད་མདུན་གྲལ་དུ་སླེབས་པ་དང་དཔེ་སྟོན་ཧུར་ཐག་བྱས་ཏེ། ཏང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།