རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཟླ་5ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་འཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་ཧུར་ཐག་སྐྲུན་པ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ། 2024ལོའི་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐོར་གྱི་སྙན་སེང་དང་ས་གནས་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་ལྗོངས་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁྲི་སྒྲུབ་ཚུལ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་ལྟར་བོད་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དུ་གཏན་འཁེལ་གནང་བ་མ་ཟད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནང་བཅུག་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། དགོངས་པར་འཁོད་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ། ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། དོན་དངོས་ལ་གཞིགས་ནས་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་སྐྱོད་པ་བཅས་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ལ་གཞི་ཚུགས་པ་དང་གཙོ་གནད་མངོན་པར་བྱས་ཏེ་ཁྲིམས་སྐྱོང་གི་ལམ་བུར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་དུ་གཏོང་བ། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་བྱེད་པའི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་གཏོང་བ། གཞི་རིམ་གྱི་ཁྲིམས་སྐྱོང་གི་བྱེད་སྒོ་སྤེལ་ཡུལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། ཁྲིམས་སྐྱོང་གི་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོང་། ཁྲིམས་ལྟར་སྒྱུར་བཅོས་གལ་ཆེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཁྲིམས་སྐྱོང་གི་ལམ་བུར་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ། སྐྱེ་ཁམས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་དམ་འཛིན་ཡག་པོ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་དར་དམངས་ཕྱུག་དང་མཐའ་མཚམས་བརྟན་ལྷིང་དང་མཐའ་མཚམས་བརྟན་པོ་ཡོང་བར་རམ་འདེགས་བྱེད་པ་དང་། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། རྒྱལ་མཚམས་འཛུལ་སྒྲོལ་གྱི་དོ་དམ་སོགས་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། “མཉམ་ལྔ་བརྟན་ལྔའི”བྱེད་སྒོ་ཟབ་ཏུ་དང་རྒྱ་ཆེར་གཏོང་བ། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཉམ་དུ་མཐའ་སྟོབས་མཐའ་བརྟན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྤྱད་དེ་ཁྲིམས་བཞིན་བོད་སྐྱོང་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་དེ་བས་ལེགས་པར་བྱེད་དགོས། ཚན་རིག་དང་། དམངས་གཙོ། ཁྲིམས་བཞིན་བཅས་ཀྱི་སྒོ་ནས་ཁྲིམས་འཛུགས་དང་། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་གྱི་ལྟ་བ་བརྟན་པོར་འཛུགས་པ། ཁྲིམས་བཞིན་བོད་སྐྱོང་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛུགས་ཐད་བསམ་འཆར་བསྡུ་རུབ་དང་། ཐག་གཅོད། ཚུར་ལན། ཁྱབ་བསྒྲགས་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་། སྤྱོད་འཐུས་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བཅའ་ཁྲིམས་བཟང་པོར་བརྟེན་ནས་བཅོས་སྐྱོང་བྱེད་མཁས་པའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་བཞིན་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པ། སྒྲིག་གཞི་དང་། འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཀྱི་ཁྲིམས་གཏན་ཅན་ལ་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་བཞིན་ཐབས་ཇུས་བཅས་མཐའ་འཁྱོངས། དྲང་གཞག་དང་ཡ་རབས་ངང་ཁྲིམས་སྒྱུར་ནན་དུ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྒྱུར་གྱི་ནུས་པ་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་དམ་འཛིན་ཏན་ཏིག་དང་། འགོ་ཁྲིད་ལས་བྱེད་པས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ལ་སྣེ་ཁྲིད། “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་དང་། བྱ་བ་ཁྲིམས་ལྟར་སྒྲུབ་པ། དོན་དག་འཕྲད་ན་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་མུ་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དུས་བཀག་ལྟར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ། སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། འགོ་ཁྲིད་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་སྒྲུབ་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་ལས་བགོས་མཉམ་ལས་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ། གཞི་རིམ་དང་མང་ཚོགས་ཁྲོད་སྐྱོད་པ། གནས་ཚུལ་མཐིལ་རྟོགས་དང་། གནད་དོན་བཙལ་འཚོལ། ཁ་གཏད་གཅོག་པའི་བྱེད་ཐབས་ཏན་ཏིག་འདོན་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་ལས་ཀའི་ཕན་འབྲས་སུ་ཧུར་ཐག་བསྒྱུར་དགོས། སྤྱོད་ཚུལ་མུ་མཐུད་ལེགས་གཏོང་དང་། ཏན་ཏན་ཏིག་ཏིག་དང་དངོས་འཛིན་དངོས་སྒྲུབ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་བཅངས་ནས་བོད་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་གསར་གཏོད་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་རེད།