བསྟན་པས་བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་གསུམ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་བོད་རང་སྐྱོང་ལྗོངས་ཀྱི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་གསུམ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བསྟན་པས་གསུངས་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལྟ་བཤེར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་སྒྲིག་སྲོལ་གསར་གཏོད་གལ་ཆེན་དང་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་གྱི་ཡོད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། 《སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཁྲེགས་སར་གཏུག་ཕོད་པ་དང་ལྟ་སྐུལ་ལ་བརྟེན་ནས་འགན་འཁྲི་ནན་དུ་གཏོང་བ་དང་། ལྟ་ཞིབ་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ལ་བརྟེན་ནས་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་རང་ལྗོངས་སུ་རྩ་བ་ཚུཌ་པ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།
བསྟན་པས་ནན་བཤད་གནང་དོན། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ལ་དམིགས་ནས་ལས་ཕྱོད་ཆེན་པོས་འཆར་ཅན་གྱི་ལྟ་ཞིབ་བྱེད་པ་དང་། ཁེ་ལས་ལ་ཚན་རིག་དང་མཐུན་པར་དག་ཐེར་ཇུས་གཞི་བཟོ་བར་མཛུབ་ཁྲིད་བྱས་ཐོག་ཞན་ཆ་མགྱོགས་མྱུར་བསལ་ནས་དོ་དམ་ལམ་ལུགས་དང་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྐབས་གཞུང་ཁོངས་ཁེ་ལས་མདུན་དུ་བསྐྱོད་ནས་མིག་དཔེ་འདོན་པར་སྐུལ་འདེད་གཏོང་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དང་། སྒྲིག་འཛུགས་ཞིབ་ཚགས་དང་དོན་འཁྱོལ་ནན་པོ། སྒྲིག་ཁྲིམས་ནན་སྲུང་དང་ལྟ་སྐུལ་ངོ་མ་བཅས་བྱས་ནས་ལྟ་བཤེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།