དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་པ།

    ​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

    ཟླ་5ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་སྐོར་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པ་དང་། ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན། ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱིས་རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་དང་། བདེ་འཇགས་ཐོན་སྐྱེད། བཟོ་པའི་ལས་འགུལ་བྱ་གཞག་སོགས་ལ་བླང་བྱ་ཁ་གསལ་བཏོན་གནང་ནས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་རེད་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཐབ་འགོད་ཇུས་འདོན་གྱི་ལོ་ཡང་རེད། ཁྱོན་ཡོངས་ལ་ཚུགས་གནས་ཐུབ་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་ནུས་པ། མི་དམངས་ཀྱི་རེ་འདུན་བཅས་ལ་དམིགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་དགོས། དོན་དངོས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མངོན་པའི་ཁྱད་ཆོས་གསར་པ་དང་འཕྲད་པའི་དུས་བབ་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དམིགས་ཚད་དང་ལས་འགན་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་བསམ་ཕྱོགས་དང་བྱེད་ཐབས་འདོན་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། མིག་སྔ་དང་ཕུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དམངས་འཚོའི་ལས་དོན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་རྣམ་གྲངས་ཁག་གཅིག་འཆར་འགོད་བྱས་ཏེ། རྣམ་གྲངས་དེ་བས་མང་བ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་པར་སྐུལ་འདེད་གཏོང་དགོས། ལེགས་ཆ་འདོན་སྤེལ་དང་ཞན་ཆ་བསལ་ནས་བོད་ཀྱི་ཁྱད་ཆོས་མངོན་པར་མཐོང་ཆེན་བྱེད་པ་དང་། འཇུར་མིག་དང་འགག་གནས་ལས་བསྒྲལ་ནས་ཡུལ་བབ་དང་བསྟུན་ནས་བྱུང་བའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ། རང་ལྗོངས་ཀྱི“ཐོན་ལས་ཆེན་པོ་དགུ”རྒྱ་སྟོབས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་ལྟ་བར་འཛིན་པ་་དང་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། དོན་དངོས་ལ་སྣང་ཆེན་དང་ཕན་འབྲས་དངོས་འབུར་དུ་ཐོན་པར་བྱས་ནས་མཛུབ་ཁྲིད་རང་བཞིན་ཆེ་བ་དང་ལག་ལེན་བསྟར་ཆོག་པའི་དམངས་འཚོའི་སྲིད་ཇུས་ཁག་གཅིག་བཟོ་བ་དང་། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་2025ལོའི་རྒྱལ་ཡོངས་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོའི་ཚོགས་འདུའི་དགོངས་དོན་དང་རྒྱལ་ཡོངས་ཚན་རྩལ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཚན་རྩལ་ཨུ་ལྷན་གྱི་2025ལོའི་ལས་ཀའི་གཙོ་གནད་གསན་པ་དང་འབྲེལ་ཡོད་ལག་བསྟར་ཇུས་གཞིར་གྲོས་ཞིབ་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།