དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དང་ལྷོ་རོང་རྫོང་དཔལ་འབར་རྫོང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-19

    ཟླ་5ཚེས་12ཉིན་ནས་ཚེས་15ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དང་། ལྷོ་རོང་རྫོང་། དཔལ་འབར་རྫོང་བཅས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ས་ཡུལ་དངོས་སུ་ཕེབས་ནས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ། དེ་བཞིན་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པས་དང་ཐོག་སྨར་ཁམས་རྫོང་གཙང་ཤོད་ཤང་གི་འབྲེལ་གཏུག་ས་ཚིགས་དང་། དམངས་ཕན་ཞབས་ཞུའི་ལྟེ་གནས། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས། རིག་གནས་འཁྲབ་སྟོན་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། མང་ཚོགས་ཕྱིར་སྐྱོད་དེ་རིག་གནས་སྤེལ་རེས་བྱེད་པར་ཁྲིད་སྟོན་བྱས་ནས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས། མང་ཚོགས་ཀྱི་གྲངས་འཛིན་བྱང་ཚད་མཐོ་རུ་དང་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་ཤེས་རྟོགས་དང་བེད་སྤྱོད་ཐུབ་པར་བྱས་ནས། གྲངས་འཛིན་གྱི་རྩལ་ནུས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་འཇོན་ཐང་གསར་པར་འགྱུར་བར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་དང་། ཤོ་པ་མདོ་གྲོང་རྡལ། གནས་ཅན་བཅིངས་འགྲོལ་དྲན་གསོ་ཁང་། སྤྱི་སྲུང་སྒང་དམག་འཐབ་རྗེས་ཤུལ་དྲན་གསོ་ཁང་། སྤང་མདའ་ཚང་གཞིས་རྙིང་སྒྲིག་གཤོམ་ཁང་བཅས་སུ་བརྟག་ཞིབ་གནང་སྐབས། རིགས་ཁག་གི་འགྲེམས་སྟོན་ཁང་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ལོ་རྒྱུས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་བྱེད་པའི་ནུས་པ་གང་ལེགས་བཏོན་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན་མི་རྣམས་ཀྱི་སེམས་སུ་ཡག་པོ་འདེབས་དགོས། རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། སྲུང་སྐྱོང་བྱེད་པོའི་འགན་འཁྲི་དང་ལས་འགན་ལག་ལེན་ཡག་པོ་བསྟར་བ། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།