ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཁོངས་གཏོགས་སུ་བརྟག་ཞིབ་གནང་བ།
ཟླ་5ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་སུ་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚན་རྩལ་ལས་དོན་གྱི་ཆུ་ཚད་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
ཟླ་5ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་སུ་བརྟག་ཞིབ་གནང་སྟེ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་བོད་ཀྱི་ལས་དོན་གྱི་མཛུབ་སྟོན་གལ་ཆེན། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཆད་སྐྱོན་སེལ་བ། ཚན་རྩལ་ལས་དོན་གྱི་ཆུ་ཚད་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
འཇམ་དཔལ་དང་། ལུའོ་མེ། མོང་ཞའོ་ལིན་བཅས་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་སུ། ཝང་ཅུན་ཀྲེང་གིས་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་ལས་བྱེད་ལས་བཟོ་དང་སྤེལ་རེས་ཟབ་མོ་གནང་བ་མ་ཟད། ཚན་རྩལ་འཆར་གཞིའི་རྣམ་གྲངས་ལག་བསྟར་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཚན་རྩལ་རྣམ་པའི་ཁེ་ལས་སྐྱེད་སྲིང་། ཤེས་ལྡན་པ་གསོ་སྐྱོང་སོགས་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་འགན་ནུས་གང་ལེགས་འདོན་པ་དང་། ཕུགས་ཀྱི་འདུ་ཤེས་འཛུགས་པ། དུས་བབ་གསར་པ་དང་། ལས་འགན་གསར་པ། འགྱུར་ལྡོག་གསར་པ་བཅས་དང་རང་འགུལ་ངང་འཚམ་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་དེ་བས་ལེགས་པར་འདོན་དགོས། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་པ་དང་། སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་དང་སྟེགས་བུ་ཧུར་ཐག་སྐྲུན་པ། ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་སེམས་གཅིག་སྒྲིལ་གྱིས་ཚན་རྩལ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་དམིགས་ཏེ་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གང་ལེགས་བཏོན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་ལ་དམིགས་ཏེ་ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་སྤྱོད་རྒྱ་ཆེ་རུ་གཏོང་བ། “དྲ་བ་གཅིག་དང་། སྟེགས་བུ་གཅིག ཕྱོགས་ཡོངས་ལ་ཁྱབ་པ”བཅས་ཀྱི་གྲུབ་འབྲས་བརྟན་དུ་དང་རྒྱ་ཆེར་གཏོང་བ། སྤྱི་ཚོགས་བདེ་འཇགས་དང་། ཐོན་སྐྱེད་བདེ་འཇགས། གནོད་འཚེ་ཆེན་པོར་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བདེ་འཇགས་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་སོགས་ལ་ཚན་རྩལ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་ཧུར་ཐག་སྐྲུན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་མཉམ་འདྲེས་ཧུར་ཐག་བྱེད་པ། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཁྲིད་སྟོན་དུ་བྱེད་པ། ས་མཐོར་འཚམ་པའི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་སྟེགས་བུ་བཀོད་སྒྲིག་གང་མགྱོགས་བྱེད་པ། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ནུས་རྒྱུ་གཙང་མ་དང་། ཀུན་སྤྱོད་མཁའ་འགྲུལ། ལྗང་མདོག་བཟོ་ལས་སོགས“ཐོན་ལས་ཆེན་པོ་དགུར”མཐུན་རྐྱེན་སྦྱོར་རྒྱུ་མཐའ་འཁྱོངས་བྱེད་པ། སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་ཏེ་ཆུ་དང་། རླུང་ཁམས་ཆེན་མོ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་ཁོར་ཡུག་འཕྲལ་སྡོམ་སོགས་ཐད་ཀྱི་ལག་རྩལ་ཞིབ་སྤེལ་དང་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་གཙོ་གནད་ཐོག་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དང་། སྐྱེ་ཁམས་ཁོར་ཡུག་སླར་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་གཙང་སེལ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་སོགས་ཀྱི་ལག་རྩལ་ལ་ཞིབ་འཇུག སྐྱེ་ཁམས་ཁོར་ཡུག་གི་ལག་རྩལ་ཞབས་ཞུའི་མ་ལག་ཧུར་ཐག་སྐྲུན་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མཐའ་སྟོབས་མཐའ་བརྟན་ལ་དམིགས་ཏེ་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་། “རིག་ལྡན་མཐའ་སྲུང”བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་ཟོན་འགོག་གི་བྱ་ཐབས་དོན་འཁྱོལ་བྱེད་པ། ཕྱོགས་བསྡུས་ཅན་གྱི་དོ་དམ་ཚོད་འཛིན་མ་ལག་སྐྲུན་པ། མཐའ་སྲུང་དོ་དམ་གྱི་ཆ་འཕྲིན་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ལ་དམིགས་ཏེ“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”ལེགས་སུ་གཏོང་བ་དང་། གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུ་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་མ་གནས་དམའ་བ་དང་། ཁྱབ་རྒྱ་ཆེ་བ། སྤུས་ཚད་མཐོ་བ། དེ་བས་སྤྱོད་གོ་ཆོད་པ་བཅས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྐྲུན་པ། རིག་ལྡན་སློབ་གསོ་དང་། རིག་ལྡན་སྨན་བཅོས། རིག་ལྡན་འགྲིམ་འགྲུལ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཞབས་ཞུ་ཆ་སྙོམས་ཅན་དང་། ཀུན་ཕན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་སྟབས་བདེ་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚན་རིག་སློབ་གསོ་དང་། དྲིལ་བསྒྲགས། ཁྱབ་གདལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། བསམ་བློའི་འདུ་ཤེས་བསྒྱུར་བ་དང་། ལས་ཀའི་བྱ་ཐབས་གསར་གཏོད། ཚན་རིག་ཁྱབ་གདལ་ལས་དོན་གྱི་ཁྱད་ཆོས་གསར་པར་ཞིབ་འཇུག་ནན་ཏན། ཚན་རིག་ཁྱབ་གདལ་ལས་དོན་གྱི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་སྔར་བས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། འཐབ་ས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་ཁང་དང་རྟེན་མཛོད་ཁང་སོགས་ཚན་རིག་ཁྱབ་གདལ་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ། ཚན་རིག་ཞིབ་འཇུག་གི་རྟེན་གཞི་དང་སྒྲིག་བཀོད་སྣ་ཚོགས་སྤྱི་ཚོགས་དང་སྤྱི་དམངས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཚན་རིག་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱེད་པ་དང་། དྲིལ་བསྒྲགས་བྱ་ཡུལ་མི་འདྲ་བར་དམིགས་པ། རིགས་ཕྱེ་སྟེ་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས་བཅས་བྱས་ནས་ཚན་རིག་ལ་སྣང་ཆེན་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས། ཕན་འབྲས་དངོས་ལ་གཙིགས་ཆེན་བྱ་རྒྱུ་མཐའ་འཁྱོངས་དང་། དོན་དངོས་དང་མང་ཚོགས་ལ་ཉེ་བཅར། ཚན་རིག་ཁྱབ་གདལ་གྱི་ལས་དོན་གཞི་རིམ་དུ་སྣུར་སྲིང་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚན་རྩལ་ཡར་ཐོན་ལས་བྱུང་བའི་ཕན་པ་དངོས་སུ་ཚོར་ཐུབ་པ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གིས་ཚན་རྩལ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚན་རྩལ་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇོག་པ། ཚན་རྩལ་ལས་དོན་ལ་འཕྲད་པའི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ནས་རྒྱ་ཆེའི་ཚན་རྩལ་ལས་དོན་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།