དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཅང་ཝུན་ཕེང་གིས་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཅང་ཝུན་ཕེང་གིས་ལྷ་ས་གྲོང་ཁྱེར་དུ་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་ལས་ཀའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    ཅང་ཝུན་ཕེང་གིས་གསུངས་དོན། མིག་སྔའི་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བའི་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་མདུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རུལ་རྒོལ་འཐབ་རྩོད་ཀྱི་འཐབ་ཇུས་ཀྱི་ངེས་ཤུགས་དང་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། གྱོད་དོན་ཐག་གཅོད་ཀྱི་སྤུས་ཚད་དང་། གྲངས་ཚད། གསེས་ཚད་བཅས་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས། གྱོད་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པ། ཁུངས་སྣེ་ཐག་གཅོད་ནན་ལ་ཚད་ལྡན་དང་། གྱོད་སྒྲུབ་བརྒྱུད་རིམ་གཟབ་ནན་ཚད་ལྡན། ཐག་གཅོད་དང་ཆད་གཅོད་གཟབ་ནན་འོས་འཚམ་བཅས་བྱས་ཏེ། སྤུས་ཚད་མཐོ་བ་དང་གནད་ལ་འཁེལ་བའི་གྱོད་སྒྲུབ་ལ་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་གཏོད་དགོས།

    ཅང་ཝུན་ཕེང་གིས་ནན་བཤད་གནང་དོན། ཞིབ་བཤེར་བརྟག་དཔྱད་དང་ཆབ་སྲིད་ལྟ་སྐུལ་མཉམ་འདྲེས་བྱེད་པ་དང་། ཆབ་སྲིད་ཐོག་ནས་ལྟ་བ་དང་ཆབ་སྲིད་ཐོག་ནས་ཞིབ་བཤེར་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་དམ་ཞིང་ནན་པ་བཅས་བྱས་ཏེ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ངན་རུལ་མཉམ་བཤེར་དང་མཉམ་བཅོས་སྦྲེལ་མཐུད་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས། སྤྱོད་ངན་གྱིས་རུལ་སུངས་ལ་ཤུགས་རྐྱེན་ཐེབས་པ་དང་སྤྱོད་ངན་རུལ་སུངས་སུ་འགྱུར་བའི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་དགོས། མང་ཚོགས་ཀྱི་ལྟ་སྐུལ་དང་རང་འགུལ་གྱི་བྱ་སྤྱོད་ཟུང་འབྲེལ་བྱས་ཏེ། རང་འགུལ་ངང་ལྟ་སྐུལ་དང་། བརྟག་ཞིབ་རྒྱུས་ལོན་ལ་ཤུགས་སྣོན། དབྱེ་ཞིབ་དང་མཐའ་དཔྱོད་གཏིང་ཟབ་བཅས་བྱས་ཏེ། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཕྱོགས་སྟོན་དུ་བཟུང་ནས་རྒྱུན་ཆད་མེད་པར་ངན་རུལ་གྱི་གནད་དོན་སྔོག་འདོན་དང་ཞིབ་བཤེར་མཐར་ཕྱིན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།