ལའེ་ཅའོ་ཡིས་གཞིས་རྩེའི་ཁང་དམར་དང་། ས་སྐྱ། ལྷ་རྩེ་སོགས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་ཁང་དམར་རྫོང་དང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་། བཀྲ་ཤིས་ལྷུན་པོ་དགོན་སྡེ་དོ་དམ་ཨུ་ལྷན་བཅས་སུ་ཕེབས་ཏེ་བརྟག་ཞིབ་གནང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། དེ་བཞིན་ཐོན་ལས་འཕེལ་རྒྱས་སོགས་ལ་སྐུལ་འདེད་བཏང་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གཞི་རིམ་ཏང་ཡོན། མང་ཚོགས་བཅས་ལ་གཟིགས་པ་དང་འཚམས་འདྲིའང་གནང་བ་དང་ཆབས་ཅིག ཁང་དམར་རྫོང་ས་དམར་མདའ་ཤང་མ་རྫ་གྲོང་ཚོར་ནགས་ཚལ་སྐོར་གཡེང་ཡང་གནང་ཡོད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས་དད་སེམས་བརྟན་པོ་དང་། སྤྱོད་ཚུལ་བཟང་པོ། འགན་འཁྲི་འཁུར་ཕོད་པ་བཅས་ཐུབ་པ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཏང་ཡོན་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ལ་སྔར་བས་ཞུན་བརྡར་སྤྲོས་པ། སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། “དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ཟབ་ཏུ་གཏོང་དགོས་པ་དང་། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་སྤྱད་དེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་འགུལ་ངང་གཤམ་དུ་བསྐྱོད་དེ་མང་ཚོགས་ཀྱི་རེ་འབོད་ཉན་པ་དང་མང་ཚོགས་ཀྱི་རེ་འདུན་ཤེས་རྟོགས་བྱས་ཏེ་ཁོང་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་རྣམ་པས“མོས་སེམས་ལྔ”ཆེ་རུ་ཏན་ཏིག་བཏང་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ཟབ་མོ་ཆགས་པར་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་གཟི་བརྗིད་སྲོལ་རྒྱུན་ལག་ལེན་བསྟར་བ་དང་དར་སྤེལ་གཏོང་དགོས།