ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་མཉམ་སྡེབ་དང་བཀའ་མོལ་གནང་བ།
● ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་རང་འགན་གཙང་སྒྲུབ་ཀྱིས་ལས་ཀ་ཧུར་ཐག་བྱས་ཏེ་ལྷག་བསམ་ཟོལ་མེད་དང་སྤྱོད་གཙང་འགན་འཁུར་གྱི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
ཟླ་5ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་མཉམ་སྡེབ་དང་བཀའ་མོལ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། རང་འགན་གཙང་སྒྲུབ་ཀྱིས་ལས་ཀ་ཧུར་ཐག་བཅས་བྱས་ཏེ། ལྷག་བསམ་ཟོལ་མེད་དང་སྤྱོད་གཙང་འགན་འཁུར་གྱི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལའེ་ཅའོ་དང་ཅང་ཝུན་ཕེང་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། “དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ལྷོད་མེད། “འཛུགས་གཏོད་བཞིར”ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཐད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ལས་བྱུང་བ་ཞིག་ཡིན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། སྣེ་ཁྲིད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གང་ལེགས་ཆུད་པར་འབད་བརྩོན་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་དངོས་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཐད་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། ཞིབ་འཇུག་བཅས་མཁས་པོ་བྱེད་པ། རྩ་དོན་གྱི་མཐའ་ཚད་བརྟན་སྲུང་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེར་གཏོང་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་གསལ་རྟོགས་པ་ཞིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་གཙང་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་བཅངས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རང་རྟོགས་ངང་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་ལས་དོན་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་ཁྲོད་བཞག་ནས་བསམ་གཞིག་འཆར་འགོད་དང་། ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ། འཆར་གཞི་འགོད་སྐབས་སྤྱི་ཡོངས་ལ་གཅིག་འདོམས་དང་བཀོལ་སྤྱོད་ཁྲོད་ཞིབ་ཅིང་ཕྲ་བ་དང་ཚན་རིག་དང་མཐུན་པར་བྱེད་དགོས། ཡར་བརྩོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགྲན་རྩོད་ཁྲོད་ཡར་རྒྱས་ཡོང་བ་དང་། ངར་ཤུགས་ཆེན་པོས་བྱ་གཞག་སྒྲུབ་པ་དང་སྤྲོ་སེམས་ཆེན་པོས་འཕེལ་རྒྱས་དོན་གཉེར། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱས་ནས། ལས་དོན་ཁག་ལ་ཟམ་མི་ཆད་པར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགན་འཁུར་ཕོད་པ་དང་། གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་པ་དང་འགན་འཁྲི་གཙང་སྒྲུབ་མཐའ་འཁྱོངས་ཀྱིས་རང་འཁྲིའི་ལས་ཀར་ཧུར་ཐག་གཞོལ་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས། དངོས་སྒྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་བ་དང་། རང་བཞིན་བཟང་བའི་མི་ཞིག་བྱེད་པ་དང་རང་འགན་ཇི་བཞིན་ལས་དོན་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློ་དང་བློ་གྲོས་ལས་ཀ་ཡག་པོ་སྒྲུབ་པའི་ཐོག་བཞག་ནས་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕན་འབྲས་དོན་གཉེར། གྲུབ་འབྲས་དངོས་གཏོད་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་། ཇུས་འགོད། བྱ་བ་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་བསྡུས་བྱང་ཚད་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱང་ཆུབ་པ་བྱེད་མཁན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་མཐོ་སར་ལངས་པ་དང་། རྒྱང་རིང་ལ་ལྟ་བ། བསམ་བློ་གཏིང་ཟབ་གཏོང་ཐུབ་པ། གསལ་པོ་ཤོད་ཐུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས། ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བརྟན་པོ་བཅངས་ནས་གང་ཞིག་བྱེད་དགོས་ན་དེ་སློབ་སྦྱོང་བྱེད་པ་དང་གང་ཞིག་མ་འདང་ན་དེ་ཁ་གསབ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཤེས་བྱ་གསོག་འཇོག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་རང་འཁྲིའི་ལས་ཀར་བྱང་གོམས་ཅན་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་དགོས། ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ལག་ལེན་ཁྲོད་ཤེས་རྟོགས་དང་ཉམས་ལེན་ཐུབ་པ་དང་། འཇོན་ཐང་ཆེར་གཏོང་། ཉམས་མྱོང་གསོག་འཇོག་བཅས་མཐའ་འཁྱོངས་བྱས་ཏེ་འགྲན་སློང་དང་ཚོད་བགམ་སྣ་ཚོགས་ཁྲོད་ཞུམ་མེད་ཀྱི་སྙིང་སྟོབས་ལ་བཞུན་བརྡར་ཐེབས་པར་བྱེད་དགོས། གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་ནས་བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པ་དང་། ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་དང་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ལྷག་བསམ་ཟོལ་མེད་དང་སྤྱོད་གཙང་འགན་འཁུར་གྱི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ། ཏང་གི་སྒྲིག་ཡིག་དང་། སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ནན་དུ་གཏོང་བ་བཅས་བྱས་ཏེ། རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ་འཁུར་བ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ཐད་ཤུགས་རྒྱག་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ། རང་རྟོགས་ངང་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་དང་། ལག་བསྟར་བློ་བརྟན་འགྱུར་མེད་དང་ནུས་ལྡན། བྱ་བ་སྒྲུབ་པ་ཁྲིམས་མཐུན་དང་ནུས་ཆེ་བཅས་དངོས་སུ་ཐུབ་པར་བྱེད་དགོས།