ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་བ།
ཟླ་5ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་ལས་ཀའི་འཕེལ་རིམ་མཁྱེན་རྟོགས་གནང་བཞིན་པ།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས།
ཟླ་5ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ནས། འཆར་གཞི་གཅིག་ལག་ལེན་མཐར་ཕྱིན་པ་བསྟར་བ་དང་། སྡོང་ཕྲུག་རེ་རེ་བཞིན་འཛུགས་པ། མི་རབས་ནས་མི་རབས་བར་སྡོང་ཕྲུག་འཛུགས་པ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་དགོས།
ཤའོ་ཡིའུ་ཚའེ་དང་། ཀུང་ཧུའེ་ཚའེ། བསྟན་པ། འཇམ་དཔལ། མོང་ཞའོ་ལིན་བཅས་ཞུགས་པ་རེད།
རྩི་ཤིང་ལོ་འདབ་རྒྱས་པའི་དུས། དབྱར་གྱི་དཔལ་ཡོན་ལྟ་ན་སྡུག ཝང་ཅུན་ཀྲེང་སྔ་རྗེས་སུ་སྣེའུ་ཕུག་ལམ་དང་། སྟག་གདོང་ཡུག་ཁུལ་2པ། བྱ་དཀར་ཕུག་ལམ་གྱི་ནགས་བཟོ་ཁུལ་བཅས་སུ་ཕེབས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་རེད། ཝང་ཅུན་ཀྲེང་གིས་ནགས་བཟོ་བྱ་ཡུལ་ཚང་མའི་རི་རྩེར་ཕེབས་ནས་ལྗོན་ཤིང་གི་སྐྱེ་འཚར་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། ནགས་བཟོ་བྱ་ཡུལ་གྱི་རྣམ་པ་གསར་རྙིང་བསྡུར་བའི་པར་རིས་ལ་གཟིགས་པ་མ་ཟད། ཤིང་སྣ་ས་ཆ་དེར་འཕྲོད་མིན་དང་། སྐྱེ་འཚར་གྱི་དུས་འཁོར། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་ནན་ཏན་ངང་བཀའ་འདྲི་གནང་བ་རེད། རི་རྩེར་འཛེགས་ནས་ཐག་རིང་ལ་རྒྱང་ལྟ་བྱེད་སྐབས་རྩྭ་ཤིང་དག་སྔོ་ཐིང་ངེར་གནས་པས་ས་གཞི་ཆེན་པོར་ལྗང་མདོག་གི་གོས་གཡོགས་པ་དང་གཉིས་སུ་མ་མཆིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱས་ཏེ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་100ཙམ་བྱས་ནས་སྔོ་ལྗང་རྒྱ་སྐྱེད་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བས། ལྷ་སའི་རི་བོ་དེ་བས་སྔོ་ལྗང་དང་གནམ་གཤིས་དེ་བས་ལེགས་སུ་འགྲོ་བ་དང་། མཐའ་འཁོར་དང་འགྲིམ་འགྲུལ་གལ་ཆེའི་རྒྱུད་ཀྱི་སྔོ་ལྗང་མང་དུ་ཕྱིན་པ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ཐོན་པ་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་ཞིག་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བསྟུན་པ། ཡུལ་བབ་དང་བསྟུན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་བྱེད་པ། ཆ་རྐྱེན་ཡོད་པའི་ས་གནས་སུ་དཔལ་འབྱོར་གྱི་ཡོང་སྒོ་ཡོད་པའི་ནགས་ཚལ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་ཏེ། རི་རྒོད་ལ་སྔོ་ལྗང་གོས་བཟང་བཀླུབས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པར་སྒྱུར་བའི་དམིགས་ཚད་མངོན་འགྱུར་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་བཅོས་ཏན་ཏིག་ཐུབ་པ་བྱེད་དགོས།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན། རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས་སྔོ་ལྗང་རྒྱ་སྐྱེད་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས“ལྗང་གསུམ”མཉམ་དུ་སྤེལ་བ་མཐའ་འཁྱོངས་བྱེད་པ། ནགས་ཚལ་གྱི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། འཆར་གཞི་གཅིག་ལག་ལེན་མཐར་ཕྱིན་པ་བསྟར་བ་བཅས་བྱས་ནས། དམངས་འཚོའི་འདུ་འགོད་འདི་རྒྱུན་སྲིང་ལྷོད་མེད་དང་སྤུས་ལེགས་ཏན་ཏིག་བསྒྲུབས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཧུར་ཐག་སྐྲུན་དགོས། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་། ཚན་རིག་དང་མཐུན་པའི་སྔོ་འགྱུར་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཇུས་བསྟར་བཅས་བྱས་ནས། ནགས་ལས་འཕྲོད་སར་ནགས་ལས་དང་། ཆུ་འདྲེན་འཚམ་སར་ཆུ་འདྲེན། རྩྭ་འདེབས་འཚམ་སར་རྩྭ་འདེབས་བཅས་བྱེད་པ་དང་། རང་བྱུང་སླར་གསོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། རང་བྱུང་ཉམས་གསོ་བྱེད་ནུས་འདོན་སྤེལ་གང་ཐུབ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པར་མཐོང་ཆེན་བཅས་བྱས་ཏེ། རི་བོ་དང་ཐང་རྒོད་རིམ་བཞིན་ལྗང་མདོག་དང་མཛེས་སྡུག་ལྡན་པར་འགྱུར་བར་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་འཕེལ་བ་མཐའ་འཁྱོངས་ཀྱིས་ཚན་རྩལ་གསོ་སྦྱོང་དང་དཔེ་སྟོན་ཁྱབ་སྤེལ་ཤུགས་ཆེན་གཏོང་བ་དང་། ཚན་རིག་དང་མཐུན་པའི་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ། སྔོ་འགྱུར་ཤིང་སོན་ལ་ཞིབ་ཚགས་དང་གནད་ལ་འཁེལ་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་བཟོའི་སྤྱི་ཡོངས་ཀྱི་གསོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ“གསོན་ཐུབ་པ་དང་། གཡོག་བྱེད་ཡག་པོ་ཐུབ་པ། རྒྱུན་མཐུད་ཐུབ་པ”བཅས་མངོན་འགྱུར་བྱེད་དགོས། སྔོ་འཕར་དང་འབབ་འཕར་སྤྱི་འདོམས་དང་སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཆེད་མཐའ་འཁྱོངས་ཀྱིས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ནགས་ཚལ་དང་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བར་མུ་མཐུད་སྐུལ་ཁྲིད་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་འཁོར་སྐྱོད་བཟང་པོ་མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཁྲོད་མང་ཚོགས་ལ་ཕན་འབྲས་དངོས་དང་ཕན་པ་དངོས་ཐོབ་པར་བྱེད་དགོས། སྔོ་འགྱུར་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་སྔོ་འགྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ལ་གནས་འཕྲོད་ལས་འཚམ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་བསྐྲུན་རྒྱུ་ནས་འགོ་བརྩམས་ཏེ། སྔོ་འགྱུར་གྱི་སྤུས་ཚད་དང་སྔོ་འགྱུར“མཛེས་སྡུག”རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང“རི་རྒོད་སྔོ་ལྗང་དུ་འགྱུར་བ”ནས“ཁོར་ཡུག་མཛེས་སུ་གཏོང་བའི”བར་འཕེལ་རྒྱས་ཧུར་ཐག་བཏང་སྟེ། མི་དམངས་ཀྱི་སྔོ་ལྗང་གི་མཛེས་ལྗོངས་དང་། མཁའ་རླུང་གཙང་མ། ཁོར་ཡུག་སྐྱིད་པོ་བཅས་ཀྱི་དགོས་མཁོ་དང་རེ་འདུན་དོན་དངོས་སུ་འགྱུར་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི“མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང་། བྱས་རྗེས་དེང་འདིར་འཇོག ཕན་འབྲས་སྐལ་བརྒྱར་ཐོན་པའི”འཐབ་ཇུས་ཀྱི་ལས་འགན་ཞིག་ཡིན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”གོ་རྟོགས་དང“བྱས་རྗེས་འཇོག་པར་ང་ཡིས་འབད”པའི་འགན་འཁུར་གྱི་ཐོག་ནས་མུ་མཐུད་སྐུལ་འདེད་གཏོང་དགོས། འཆར་འགོད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འཆར་འགོད་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཕན་འབྲས་ཆེར་གཏོང་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། ནགས་བཟོའི་ལས་སྒྲུབ་ཀྱི་དུས་ཡུན་ཡག་ཤོས་དམ་འཛིན་བྱས་ནས་གཏན་འཁེལ་བྱས་པའི་སྔོ་འགྱུར་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ལས་ཀའི་སྤྱོད་ཚུལ་སྔར་བས་བསྒྱུར་ནས་ཤིང་སོན་དང་། འདེབས་འཛུགས། གཡོག་བྱེད་བཅས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་སྡོམ་གང་ཐུབ་ཀྱིས་ཤིང་སྡོང་བཙུགས་པ་ཆ་ཚང་གསོན་ཐུབ་པ་དང་ཤིང་སྡོང་ཡུག་གཅིག་བཙུགས་ནས་ཕྱོགས་གཅིག་སྔོ་ལྗང་དུ་འགྱུར་བར་བྱེད་དགོས།