ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་བརྟག་ཞིབ་གནང་བ།
ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཞབས་ཞུར་བརྟེན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཀྲའོ་ཕེང་དང་རྡོ་རྗེ་ཚེ་སྒྲུབ་ཞུགས་ཡོད་པ་རེད།
བོད་ལྗོངས་གཙང་ཡོན་ཆང་ལས་ཚད་ཡོད་ཀུང་སིར་ཀརྨ་ཚེ་བརྟན་འཁོར་ཁང་དུ་ཕེབས་ནས་ཐོན་རྫས་ལ་གཟིགས་པ་དང་འབྲེལ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ། གསར་གཏོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཐོན་རྫས་ཀྱི་རིན་ཐང་འཁོར་འབྲེལ་མུ་མཐུད་རིང་དུ་གཏོང་བ། ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་མུ་མཐུད་སྣེ་ཁྲིད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
ལྷ་ས་གྲོང་ཁྱེར་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཀརྨ་ཚེ་བརྟན་གྱིས་མ་འཇོག་རྣམ་གྲངས་ཀྱི་གཅིག་འཐུས་རྣམ་པའི་ཞབས་ཞུ་དང་12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་ཀྱི་བསམ་འདུན་ཉན་པ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་སེམས་སྦྲེལ་ཟམ་པ་དང་། ཡུལ་བབ་དམངས་འདུན་གྱི་ཆར་བརྟག་ཡོ་བྱད། སྲིད་ཇུས་ཐབས་ཇུས་ཀྱི་ཆ་འཕྲིན་འབྱུང་རྩ་བཅས་ཀྱི་གལ་ཆེའི་ནུས་པ་ཡག་པོ་འདོན་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་ཀརྨ་ཚེ་བརྟན་གྱིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་གནས་ཚུལ་གསན་རྗེས། ཁོང་གིས་དམངས་གཉེར་དཔལ་འབྱོར་ནི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་ཅིག་རེད། བཟོ་ཚོང་མཉམ་འབྲེལ་ཁོངས་གཏོགས་ཀྱིས་སྦྲེལ་ཟམ་དང་ལས་རོགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ཁྲོམ་ར་དང་སྲིད་གཞུང་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་ལ་དམིགས་ཏེ་དཀའ་ངལ་དངོས་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་སུ་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཚགས་གནང་ཞིང་། ཁོང་གིས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་རིགས་དབྱེ་ཇུས་བསྟར་བྱས་ནས་ས་གནས་ཀྱི་ཐོན་ཁུངས་ལེགས་ཆར་གཞིགས་པ་དང་། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་ཞབས་འདེགས་ཞུ་བ་དང་རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་དགོས་པའི་ནན་བཤད་གནང་བ་རེད།