ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཚུལ་ལ་བརྟག་ཞིབ་གནང་བ།
ཟླ་5ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཚུལ་སྐོར་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་གཡུ་ཐོག་ལམ་གྱི་ས་ཚིགས་སུ་འབྲེལ་ཡོད་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།
● མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ལ་ལས་ཀ་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས།
ཟླ་5ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཚུལ་སྐོར་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད། ཁོང་གིས་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་ལས་ཀ་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
དབང་ཧའེ་ཀྲོའུ་དང་། ཤའོ་ཡིའུ་ཚའེ། བསྟན་པ། རྒྱལ་མཚན། མོང་ཞའོ་ལིན་བཅས་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་སྔ་རྗེས་སུ་གློག་འཕྲིན་ཐོག་བརྩེགས་ཁང་ཆེན་དང་། འདམ་ར་ལམ། ལྷ་ཀླུ་འདམ་ར། ལྕགས་པོ་རི། གཡུ་ཐོག་ལམ་སོགས་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་རྣམ་གྲངས་ས་ཚིགས་ཁག་ཏུ་ཕེབས་ཏེ། འགྲེམས་པང་ལ་གཟིགས་པ་དང་། ལས་རིམ་བཀའ་འདྲི་གནང་བ། སྙན་སེང་གསན་པ་བཅས་བརྒྱུད་གྲོང་ཁུལ་གྱི་རྣམ་པ་བཅོས་སྒྲིག་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྔོ་འགྱུར་ལེགས་གཏོང་སྒྱུར་བཀོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གྲོང་ཁྱེར་འཛུགས་སྐྲུན་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གསར་བརྗེ་དང་སྒྱུར་བཀོད་བརྒྱུད་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་སྐབས་ཝང་ཅུན་ཀྲེང་གིས་གསུངས་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་ཞན་ཆ་བསལ་ཏེ། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་མི་གཤིས་ཅན་དང་། ཚན་རིག་ཅན། གནད་སྨིན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་འཛུགས་དགོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་མིག་སྔ་དང་ཕུགས་དང་། ཆ་ཤས་དང་ཧྲིལ་པོ། དོ་དམ་དང་ཞབས་ཞུ་བཅས་དབར་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་། གནད་དོན་ལ་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་འགན་ཚང་མ་ལས་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་སྲུང་སྐྱོང་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཐུབ་དགོས། སྔོན་ལ་འཆར་འགོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་གཅིག་གིས་མགོ་ནས་མཇུག་བར་གོ་ཆོད་པའི་འགན་ལེན་བྱེད་དགོས། མི་རྩ་བར་འཛིན་པ་དང་། ཁྱད་ལྡན་འཕེལ་རྒྱས། སྐྱེ་ཁམས་སྔོན་འཇོག གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་མཐའ་འཁྱོངས་ཀྱིས་འགོ་འཛུགས་ས་མཐོ་པོའི་ཐོག་ནས་གྲོང་ཁྱེར་འཆར་འགོད་ལས་དོན་ཡག་པོ་བསྒྲུབས་ཏེ། གྲོང་ཁྱེར་བར་སྟོང་གི་ཕྱོགས་བསྡུས་རང་བཞིན་དང་། བཀོད་པའི་མཐུན་སྦྱོར་རང་བཞིན། རྣམ་པའི་ཁྱོན་ཡོངས་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ལ་མཐོང་ཆེན་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་ལེགས་བསྡུས་ནུས་ཆེའི་ཐོན་སྐྱེད་བར་སྟོང་དང་། གནས་འཕྲོད་འོས་འཚམ་གྱི་འཚོ་བའི་བར་སྟོང་། རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་བར་སྟོང་བཅས་གཏོད་རྒྱུར་ཤུགས་བརྒྱབ་ནས་གྲོང་ཁྱེར་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རྟགས་མཚན་དང་མཚོན་ཚུལ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ནང་གནས་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དངོས་གོ་རིམ་ལྡན་པར་གསེད་བཀྲོལ་བྱེད་པ། ཀྲུང་ཧྭ་མི་རིགས་ལ་ཐུན་མོང་དུ་ཡོད་པའི་མཐོང་ཚོར་གཟུགས་བརྙན་དང་ཁྱད་ཆོས་གང་ལེགས་མངོན་པ་བཅས་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་ཐད་རིག་གནས་ཀྱི་སྤུས་ཚད་དེ་བས་མངོན་པ་དང་མི་ཆོས་རིག་གནས་ཀྱི་རྨང་གཞི་དེ་བས་ལྡན་པར་བྱེད་དགོས། རིག་གནས་ཀྱིས་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། དུས་རབས་ཀྱི་ཉམས་འགྱུར་སྐྱེད་སྲིང་དང་མངོན་པར་བྱ་རྒྱུར་མཐོང་ཆེན་བྱེད་དགོས། གྲོང་ཁྱེར་སྒྱུར་བཀོད་གསར་སྤེལ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལོ་རྒྱུས་རིག་གནས་ཀྱི་ཉིང་བཅུད་ཕྱོགས་ཡོངས་ནས་སྔོག་འདོན་བྱེད་པ། གྲོང་ཁྱེར་གྱི་སྲོལ་རྒྱུན་གྱི་ཉམས་འགྱུར་དང་ལོ་རྒྱུས་ཀྱི་ཉམས་འགྱུར་མུ་མཐུད་རྒྱུན་འཁྱོངས་བཅས་བྱས་ཏེ་བཟོ་སྐྲུན་གྱི་ཁྱད་ཆོས་ལ་བརྟེན་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། མི་ཆོས་རིག་གནས་ཀྱི་དཔལ་ཡོན་ལ་བརྟེན་ནས་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ། རིག་གནས་འཚོ་བར་བརྟེན་ནས་གྲོང་ཁྱེར་གྱི་ཉམས་འགྱུར་གཏོད་པ་བཅས་བྱས་ནས་ཁྱད་ལྡན་རིག་གནས་དང་དེང་རབས་ཀྱི་རྣམ་པ་ཟུང་འབྲེལ་ནུས་ལྡན་ཐུབ་པར་བྱེད་དགོས། ས་སྟེང་དང་ས་འོག་གཉིས་ཀར་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་གྱི“ཕྱི་ངོས”ལ་དོ་དམ་ཡག་པོ་བྱེད་དགོས་ལ་གྲོང་ཁྱེར་གྱི“ནང་ངོས”དེ་བས་ཡག་པོ་འཛུགས་དགོས། ས་འོག་སྦུག་དྲའི་འཆར་འགོད་དང་། བཀོད་སྒྲིག འདིང་བ། དྲ་གྲུབ་སོགས་ཀྱི་ལས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ས་འོག་གི་ཕྱོགས་བསྡུས་སྦུག་ཁྱམས་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱེད་པ། སྦུ་གུ་ས་འོག་ཏུ་སྦས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་འགྲོ་ལམ་འཁོར་སྐྱོད་ཤར་གཏོང་ཐུབ་པ་དང་། སྦུ་གུ་གོ་རིམ་ལྡན་པའི་སྒོ་ནས་ལེགས་བསྡུས་བྱེད་པ། ཆུ་རྒྱུད་དང་ཆུ་འཐེན་ས་ཚིགས་དུས་མཉམ་དུ་སྦྲེལ་ཐུབ་པ་བཅས་བྱས་ནས་གྲོང་ཁྱེར་གྱི་ནུས་པ་དང་ཐེག་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཐབས་ཇུས་དང་བྱ་ཐབས་ལ་དོ་སྣང་བྱས་ཏེ་བདེ་འཇགས་ཨར་ལས་དང་ཡ་རབས་ཨར་ལས་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་དགོས། ལས་གྲྭའི་གྲངས་འབོར་དང་ལས་གྲྭའི་མྱུར་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་རྩིས་དང་། བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལ་དོ་དམ་ཚོད་འཛིན་ཡག་པོ་བཅས་བྱས་ཏེ་ལས་ཕྱོད་ཆེ་རུ་བཏང་ནས་ཨར་ལས་སྒྲིག་འཛུགས་དང་། མང་ཚོགས་འགྲོ་སྐྱོད། ལམ་རྒྱུད་ཀྱི་ཁོར་ཡུག་ལེགས་གཏོང་སོགས་ཀྱི་ལས་དོན་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་བྱས་ནས་ལས་དོན་ཁག་བརྟན་པོ་དང་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཉེན་ཁར་དཔྱད་དཔོག་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། འགལ་ཟླ་སེལ་བ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཞིབ་ཚགས་དང་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར། ལས་དོན་སྒྲུབ་སྟངས་དང་སྒྲུབ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་གྲོང་ཁྱེར་འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བསམ་བློ་གཅིག་གྱུར་དང་རང་འགུལ་ངང་འགན་ཁུར་ནས་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་གཏོགས་ཁོངས་ཀྱི་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ་དང་ལས་ཀ་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱས་ཏེ། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་། ལས་ཀའི་ཚད་གཞི་མཐོ་རུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་བཅོས་སྐྱོང་ལ་དམ་འཛིན་བཅས་བྱས་ནས། གཅིག་གྱུར་བཀོད་འདོམས་དང་། ལས་བགོས་གཞོགས་འདེགས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། གནད་དོན་རྙོག་འཛིང་ཆེན་པོ་ཡོད་པའི་འདུ་ཤེས་བཟུང་ནས་བསམ་བློ་ཞིབ་ཚགས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ། འགན་འཁུར་འགན་སྒྲུབ་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་བ་དངོས་ཏན་ཏིག་སྒྲུབ་པ་དང་བྱ་བ་བཟང་པོ་ལེགས་པར་སྒྲུབ་དགོས། འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། བསམ་བློའི་འདུ་ཤེས་གསར་བརྗེ་བྱེད་པ་དང་། ལག་ལེན་ཁྲོད་བདེན་དོན་སྦྱོང་བ་དང་རྟོགས་རྒྱུར་མཐོང་ཆེན་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གྲོང་ཁྱེར་གྱི་ལས་དོན་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྨྱན་སྦྱོར་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་པ། མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་ཞུ་ཐག་གཅོད་བྱེད་པ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བཅས་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་ཁོར་ཡུག་བཟང་པོ་སྐྲུན་དགོས།