དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར”གྱི་སེམས་ཤུགས་བརྟན་པོར་བརྟེན་ཏེ་བློ་བརྟན་འགྱུར་མེད་ངང་སྔོ་ལྗང་རྒྱ་ཁྱོན་ཆེར་གཏོང་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་བྱེད་པ་དང་། “སྔོ་ལྗང་གི་ཁྱིམ་གཞིས”རྒྱུན་ཆད་མེད་པར་མང་དུ་བཏང་ནས“མཛེས་སྡུག་ལྡན་པའི་ཁྱིམ་གཞིས”ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གངས་བབས་རྗེས་ཀྱི་ཤན་ཁ་ཡུག་ཁུལ་དང་པོར་སྔོ་ལྗང་གོས་ཀྱིས་བཀླུབས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་ལ། བཟོ་པ་ཚོས་བྱང་ཆུབ་པོས་སྡོང་ཕྲུག་གསབ་འཛུགས་དང་། ས་ཁུང་རྒྱོང་བ། ཆུ་རྒྱག་པ་བཅས་བྱེད་བཞིན་ཡོད། ཡན་ཅིན་ཧའེ་རི་ལམ་བརྒྱུད་སྡོང་ཕྲུག་སྣ་ཚོགས་ཀྱི་སྐྱེ་འཚར་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་ཞིང་། ཁོང་གིས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེལ་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་འཐབ་ཇུས་ལས་གྲྭ་ཞིག་ཡིན་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཀྱི་བདེ་རྩ་ཆེ་རུ་གཏོང་བའི་དམངས་སེམས་ལས་གྲྭ་ཞིག་ཀྱང་ཡིན་པས། ནགས་བཟོའི་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་དམ་ནན་དུ་བཏང་ནས། ས་དང་། ཆུ། ལམ། ལྗོན་ཤིང་བཅས་ཀྱི་ལག་རྩལ་དོ་དམ་ལ་སྤྱི་འདོམས་དང་། ས་འཕྲོད་ཤིང་འཕྲོད་དང་དུས་འཕྲོད་ཐབས་བཟང་མཐའ་འཁྱོངས། མྱུར་ཚད་ལ་དམ་འཛིན་དང་སྤུས་ཚད་འགན་ལེན། ཡུག་གཅིག་ལ་བཏབ་པ་ཚང་མ་གསོན་ཐུབ་པ་བཅས་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གཏིང་ཟབ་སྤེལ་ཏེ་ཁྲིམས་སྐྱོང་གི་བྱ་ཐབས་ལ་བརྟེན་ནས་བོད་འདི་ཉིད་སྔོ་ལྗང་ཅན་དུ་འགྱུར་བར་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་འབྲོམ་ཐོད་ཡུག་ཁུལ་བདུན་པར་ཕེབས་ནས་ནགས་བཟོའི་འཆར་འགོད་ཀྱི་དཔེ་རིས་ལ་གཟིགས་པ་མ་ཟད། རྩི་ཤིང་གི་ཁྱད་ཆོས་དང་། སྐྱེ་འཚར་གྱི་དུས་འཁོར། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ནགས་བཟོའི་ཚན་པ་དང་བྱམས་བརྩེའི་གླེང་མོལ་ཡང་གནང་ཞིང་། ཁོང་གིས། རྒྱ་ཆེའི་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཏན་ཏིག་ཁུར་ནས། ནགས་བཟོ་སྔོ་འགྱུར་གྱི་ལག་ལེན་ནང་རྒྱུན་བསྲིང་ལྷོད་མེད་ངང་ཞུགས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱི་འདོམས་དང་ཕན་ཚུན་མཐུན་སྦྱོར་གྱིས་མི་མེད་གནམ་གྲུ་སོགས་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་སྤྱོད་ཤུགས་ཆེ་རུ་བཏང་ནས། ཚན་རིག་དང་མཐུན་པའི་སྔོ་འགྱུར་སོན་འདེམས་དང་། སོན་གསོ། གཡོག་བྱེད། སྐོར་ཞིབ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་སྡོང་ཕྲུག་གསོན་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ལ། ཡུལ་བབ་དང་བསྟུན་ནས་སྡོང་ཕྲུག་གི་སྣ་ཁ་བདམས་ནས“ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད”བཅས་མཉམ་འགུལ་དེ་བས་ལེགས་པ་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།