དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2025ལོའི་ཚོགས་འདུ་ཐེངས་7པ་འཚོགས་པ།

    ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-04

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2025ལོའི་ཚོགས་འདུ་ཐེངས་7པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    བསོད་ནམས་ཉི་མ་དང་། རྡོ་རྗེ་ཚེ་སྒྲུབ། ངག་དབང་། སྒྲོལ་དཀར། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་བ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་རྒྱལ་ཁབ་ཀྱི་མཐའ་འཁོར་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས། སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམངས་གཙོའི་ལྟ་སྐུལ་དང་གྲོས་མོལ་སྲིད་གླེང་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་། རྨོ་ཞིང་སྲུང་སྐྱོང་ནན་པོ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་ལ་རམ་འདེགས་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    ལིའུ་ཅང་གིས་བླང་བྱ་བཏོན་དོན། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནང་དོན་གཙོ་བོར་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཚུགས་གནས་མཐོ་རུ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལྟེ་བར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གཙོ་གནད་འབུར་དུ་བཏོན་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་། འདུ་ཤེས་འཛིན་སྟངས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལམ་ལུགས་དང་སྒྲིག་ཁྲིམས་ནན་པོས་ཉམས་སད་ཐེག་ཐུབ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། བོད་ལྗོངས་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོའི་ལས་སྟེགས་བཏོད་དེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ནས་དགོངས་པ་སློབ་སྦྱོང་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། འཇོན་ཐང་ཆེ་རུ་གཏོང་བ། འགན་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཆུ་ཚད་མཐོ་པོས་འགན་སྒྲུབ་ལས་ཀའི་ལག་ལེན་དངོས་ལ་སྒྱུར་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།