ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་དང་བཞུགས་མོལ་གནང་བ།
ལིའུ་ཅང་ཚོགས་འདུར་ཕེབས་པ།
ཟླ་4ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་བྱམས་བརྩེའི་ངང་ཕྱག་བཏང་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བཞིན་པ།
“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཟླ་4ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་2025ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་དང་བཞུགས་མོལ་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ཚང་མར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་འཐབ་ཕྱོགས་ཁག་དང་ལས་རིགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་རེད།
ལིའུ་ཅང་དང་། ཐང་མིང་དབྱིན། ཀྲང་ལི། ངག་དབང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་སྟེ། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ཐུགས་རེ་ནན་པོ་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་དང་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་ཡོད་པས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རང་རྟོགས་ངང་བོད་ཀྱི་བཟོ་ཚོགས་ལས་དོན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་འཆར་འགོད་དང་སྐུལ་འདེད་བཏང་ཐོག་རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་ཧུར་ཐག ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་སྔོན་ཐོན་དཔེ་བཟང་བ་མང་པོ་ཐོན་པ་དང་། ཁོང་ཚོའི་བྱ་སྤྱོད་ལས་དུས་རབས་གསར་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་ཕུལ་བྱུང་གཤིས་རྒྱུད་དང་། དུས་རབས་གསར་པའི་འབད་འབུངས་པའི་གསར་བརྗེའི་སྙིང་སྟོབས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་བཅས་གང་ལེགས་མངོན་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་བཞིན་ཡོད་པས་བརྗིད་ཆེའི་བྱ་གཞག་འདིས་རྒྱ་ཆེའི་ངལ་རྩོལ་པའི་ཕུགས་འདུན་མངོན་འགྱུར་ལ་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”བྱ་སྤྱོད་དངོས་ཀྱི་ཁྲོད་དངོས་འབྲེལ་མཚོན་པར་བྱེད་པ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། “བདག་པོའི”ཉམས་འགྱུར་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུ་མཐའ་འཁྱོངས་བྱེད་པ། བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་སྔར་བས་ཡག་པོ་འདོན་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་དཔེའི་སྟོབས་ཤུགས་ནི་འཛད་མཐའ་མེད་པ་ཞིག་རེད། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་ཀྱི་བློ་སེམས་འགུག་ཤུགས་དང་། ཤུགས་རྐྱེན་ཐེབས་ནུས། དཔེ་སྟོན་གྱི་ནུས་པ་བཅས་དར་སྤེལ་གཏོང་བ་དང་། ངལ་རྩོལ་དཔེ་བཟང་བའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ངལ་རྩོལ་དཔེ་བཟང་བའི་གཏམ་རྒྱུད་ཡག་པོ་བརྗོད་པ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དེ་ཁེ་ལས་དང་། སློབ་གྲྭ། སྡེ་ཁུལ་བཅས་སུ་ཁྱབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངལ་རྩོལ་དཔེ་བཟང་བར་བརྩི་འཇོག་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱས་ནས། ངལ་རྩོལ་དཔེ་བཟང་བས་འཇོན་ཐང་འདོན་པ་དང་ལས་སྒྲུབ་ལས་གཏོད་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས། རིམ་ཁག་བཟོ་ཚོགས་ཀྱིས་དུས་བབ་གསར་པའི་འོག་གི་བཟོ་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་བྱེད་སྟངས་སྔར་བས་ཞིབ་འཇུག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་བཟོ་ཚོགས་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་སྔར་བས་ཡག་པོ་འདོན་དགོས། རྒྱ་ཆེའི་ངལ་རྩོལ་དཔེ་བཟང་བས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་སྣེ་ཁྲིད་ནས་ཡིད་ཆེས་བརྟན་པོ་དང་། ལས་ལ་བརྩོན་པ། མི་རིགས་མཐུན་སྒྲིལ་བཅས་ཀྱི་དཔེ་བཟང་བྱས་ཏེ་རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་དང་བླ་ན་མེད་པའི་གཤིས་རྒྱུད་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་མི་དམངས་ལ་སྐུལ་ལྕག་དང་སྣེ་ཁྲིད་ཐོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།