ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་བ།
ཟླ་4ཚེས་29ཉིན། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་གྲངས་གཞི་ཆེན་པོའི་ལྟེ་གནས་དང་གློག་རྡུལ་སྲིད་དོན་ཕྱི་སྦྲེལ་དྲ་རྒྱའི་ལྟ་ཞིབ་ཚད་ལེན་འཁོར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ སྲིད་དོན་ཞབས་ཞུ་སོགས་ཀྱི་གྲངས་གཞི་ཆེན་པོའི་ལག་རྩལ་བཀོལ་སྤྱོད་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་4ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གནང་བཞིན་པ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བཏང་ནས་བོད་ཀྱི་བཟོ་ལས་ཅན་གསར་པའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།
ཟླ་4ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་དང་རང་ལྗོངས་ཀྱི་བཟོ་ལས་ཅན་གསར་པའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རྒྱལ་མཚན་དང་། ཝུའེ་ཤིའུ་ཁྲེང་། ངག་དབང་བཅས་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་གྲངས་གཞི་ཆེན་པོའི་ལྟེ་གནས་དང་གློག་རྡུལ་སྲིད་དོན་ཕྱི་སྦྲེལ་དྲ་རྒྱའི་ལྟ་ཞིབ་ཚད་ལེན་འཁོར་སྐྱོད་ཚོད་འཛིན་ལྟེ་གནས་སུ། ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་སྦྲགས། སྲིད་དོན་ཞབས་ཞུ་དང་། ཐོན་ལས་རིམ་སྤོར། སྤྱི་ཚོགས་བཅོས་སྐྱོང་སོགས་ཐད་ཀྱི་གྲངས་གཞི་ཆེན་པོའི་ལག་རྩལ་བཀོལ་སྤྱོད་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་འགན་འཁྲི་གཙང་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་བོད་ཀྱི་བཟོ་ལས་ཅན་གསར་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་དང་། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བཟོ་ལས་ཅན་གསར་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དེའི་ནང་གི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་ལ་རང་འགུལ་ངང་བསྟུན་པ། གོ་སྐབས་དང་འགྲན་སློང་ལ་དམ་འཛིན་བཅས་བྱས་ནས་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་དང་རི་ཆུ་ཁྲི་སྟོང་སྲུང་སྐྱོང་ཡག་པོ་བྱས་ཏེ་ལྗང་མདོག་དང་ཐཱན་ཉུང་དེ་བཟོ་ལས་ཅན་གསར་པའི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་དགོས། ཐོན་ལས་གྲུབ་ཆ་ལེགས་སུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། ནུས་རྒྱུ་གཙང་མ་དང་མཐོ་གསར་གྲངས་འཛིན་སོགས་རང་ལྗོངས་གྱི“ཐོན་ལས་ཆེན་པོ་དགུ”སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། ཚན་རྩལ་གྱི་ནུས་ཤུགས་སྦྱིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་ཐུབ་པར་བྱེད་དགོས། ཁེ་ལས་སྐྱེད་སྲིང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མ་འཇོག་ནུས་ལྡན་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། སྣེ་འདྲེན་ཁེ་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། དགོས་མཁོས་སྣེ་ཁྲིད་དང་། གཙོ་གནད་ཚད་བརྒལ། སྔོན་བརྒལ་འོས་འཚམ། གོ་ཆོད་ཕན་ཆེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་སྨིན་ཇུས་བསྟར་བྱས་ཏེ་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས“བསམ་ཇུས་གཅིག”གི་བསམ་བློ་བརྟན་དུ་གཏོང་བ་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་བློ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་དམིགས་ཚད་ཀྱི་ངེས་གནས་ཡང་དག་བཙལ་ཏེ་སྤྱི་ཡོངས་འཆར་འགོད་དང་མཐུན་སྦྱོར་མཉམ་འདྲེས་ཡོང་བར་བྱེད་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གྲངས་འཛིན་གྱིས་ཕྱོགས་ཡོངས་ནས་ནུས་ཤུགས་སྦྱིན་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། གྲངས་གཞིའི་དོ་དམ་ནུས་པ་ཆེ་རུ་བཏང་ནས། བོད་ཀྱི་དོན་དངོས་དང་མཐུན་པའི་གྲངས་གཞི་གཙོ་བོའི་ཁྲོམ་རའི་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་འཛུགས་པ་དང་། གྲངས་གཞིའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞིའི་བདེ་འཇགས་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱས་ཏེ་གྲངས་གཞི་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོར་འཛུགས་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་ལས་འགན་ཁག་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་ངང་སྤེལ་ནས། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་ཚོད་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དཔལ་འབྱོར་སྦྱོང་བ་དང་། དཔལ་འབྱོར་ཤེས་པ། དཔལ་འབྱོར་ལ་དམ་འཛིན་བཅས་ཀྱི་ཆ་རྒྱུས་ཡོད་མཁན་ཞིག་ཏུ་འགྱུར་བ་ཧུར་ཐག་བྱས་ཏེ་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས།