དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-28

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་གདེང་ཚོད་བརྟན་པོ་དང་། གོ་སྐབས་དམ་འཛིན། བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཁེ་ལས་ལ་ཕན་འདོགས་པ་དང་རོགས་རམ་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ཐོག“མི་དམངས་འཐུས་ཚོགས་ཀྱི་ནུས་པར”བརྟེན་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བོད་ལྗོངས་དབྱི་ཀྲོའུ་རིག་ནུས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནི་མི་མེད་གནམ་གྲུའི་ལས་རིགས་བཀོལ་སྤྱོད་དང་མི་ཐབས་རིག་ནུས་ཚན་རྩལ་གསར་ཤོས་འཚོལ་ཞིབ་དང་གསར་གཏོད་ལ་རྩེ་གཅིག་ཏུ་གཞོལ་བའི་མཐོ་གསར་ལག་རྩལ་གྱི་ཁེ་ལས་ཤིག་ཡིན། ཡན་ཅིན་ཧའེ་ཡིས་ས་མཐོའི་ཁུལ་དུ་མི་མེད་གནམ་གྲུ་ཞིབ་སྤེལ་དང་། ཐོན་སྐྱེད། བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཁེ་ལས་དེས་ལོངས་སྤྱོད་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    བོད་ལྗོངས་ལིང་ཀོང་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིས་ས་མཐོའི་ཁྱིམ་ཚང་ལ་དྲོད་གཏོང་བའི་ཐག་གཅོད་ཇུས་གཞི་འདོན་པར་གཞོལ་བཞིན་ཡོད་ཅིང་། ཀུང་སི་དེས་ཞིབ་སྤེལ་བྱས་པའི“ཞིང་འབྲོག་པའི་ཁྱིམ་ཚང་དུ་འཚམ་པའི་ནུས་པ་མང་བའི་ཐབ”སོགས་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད།

    ཡན་ཅིན་ཧའེ་ཡིས་ཁེ་ལས་ཀྱི་འགན་ཁུར་བ་དང་གླེང་མོལ་གཏིང་ཟབ་གནང་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཇུས་འགོད་ཞིབ་སྤེལ། ཁྲོམ་ར་རྒྱ་སྐྱེད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ནན་ཏན་གསན་རྗེས། ཁེ་ལས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་རང་བདག་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་མ་རྩ་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་ཐོབ་སྐལ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ས་གནས་དེ་གའི་སློབ་ཆེན་སློབ་མ་ལས་ཞུགས་བསྡུ་ལེན་ཧུར་ཐག་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

    ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ཡན་ཅིན་ཧའེ་ཡིས་འཁོར་རྒྱུག་དོ་དམ་དང་། སྐར་ཁུང་ཞབས་ཞུ། ལས་སྒྲུབ་བརྒྱུད་རིམ། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྲིད་དོན་ཞིབ་མཆན་འགོད་པའི་བརྒྱུད་རིམ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྲིད་དོན་ཞབས་ཞུ་དྲ་ཐོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཁེ་ལས་ཐོ་འགོད་དང་། ཁྲལ་དོན་རེ་ཞུ། ལག་ཁྱེར་བཟོ་བ་སོགས་བརྒྱུད་རིམ་ཧྲིལ་པོ“སྐར་ཁུང་གཅིག་ཏུ་བདག་སྤྲོད་དང་དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་དགོས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་དམངས་ཕན་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་སྟེ། ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་རྒྱུ་དོན་འཁྱོལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་སྡེ་ཁུལ་གྱིས་སྲོལ་རྒྱུན་གྱི་སྡེ་ཁུལ་དོ་དམ་བྱེད་སྟངས་བསྒྱུར་ཏེ་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས“འགྲམ་དུ་ཡོད་པ་བཅུ”སྤུས་རྟགས་བསྐྲུན་ཏེ་སྡེ་ཁུལ་གྱི་ཞབས་ཞུའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད། ཡན་ཅིན་ཧའེ་ཡིས་སྡེ་ཁུལ་གྱིས་ཁྲོམ་རའི་དགོས་མཁོ་དང་ཧུར་ཐག་བསྟུན་ནས་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་བཏང་སྟེ་ཁོངས་གཏོགས་ཀྱི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་དང་། “རྒན་གཅིག་གཞོན་གཅིག”སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དྲ་རྒྱ་ཡོངས་ཁྱབ་བསྐྲུན་ཏེ། སྡེ་ཁུལ་འཕེལ་རྒྱས་ལ་དགོས་མཁོ་ཆེ་ཤོས་དང་མང་ཚོགས་ཀྱིས་གླེང་མང་ཤོས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།