རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2025ལོའི་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།
ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2025ལོའི་པུའུ་དོན་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རིག་གནས་ལ་བརྟེན་ནས་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། མི་སེམས་གཅིག་ཏུ་འགྲིལ་བ། སྟོབས་ཤུགས་གཅིག་ཏུ་འདུ་བ་བཅས་ཀྱི་ནུས་པ་ཆེན་པོ་དེ་བས་ལེགས་པ་འདོན་དགོས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་དམིགས་པ་དང་། གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་བསམ་བློ་ཀུན་སྤྱོད་དང་། ཚན་རིག་དང་མཐུན་པའི་རིག་གནས། ལུས་སེམས་བདེ་ཐང་དང་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། རིག་གནས་ཀྱི་ལམ་སྲོལ་དང་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་རིག་གནས་ཀྱི་ཡར་སྐུལ་ནུས་པ་འདོན་པ། རིག་གནས་གསར་གཏོད་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་བཅས་བྱས་ནས་རིག་གནས་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་གོམ་པ་གསར་པ་སྤོ་དགོས།