ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་མཆན་བཀོད་མཛུབ་སྟོན་གནང་བ།
ལིའུ་ཅང་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད། ཝང་ཅུན་ཀྲེང་གིས་གསུངས་དོན། ལོ་མང་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་ཁྲིམས་སྡེ་ཚན་གྱིས་གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་བཙུགས་ནས་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“མེ་ཟོན་གྱང”གི་ཕན་ནུས་གང་ལེགས་བཏོན་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་། བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་དང་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱ་རྒྱུར་དམིགས་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ལས་ཀའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་པའི་སྐབས་ནས་ཐག་གཅོད་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་དང་འགན་ལེན་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཟླ་4ཚེས་25ཉིན། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ་རེད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་རྩ་བའི་དམིགས་ཡུལ་དང་། རིན་ཐང་གི་ལྟ་བ་འཛིན་ཕྱོགས། ཁྲིམས་སྐྱོང་གི་ངོ་བོ། ནུས་པའི་ངེས་གནས། དམིགས་ཚད་ལས་འགན་བཅས་ལ་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཁག་གི་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་ཧུར་ཐག་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། འདང་ངེས་དང་སྤྱོད་གོ་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མང་ཚོགས“སྒོ་འགྲམ”གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས་སྐྲུན་དགོས། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱ་རྒྱུ་དེ་སྣེ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་མགྱོགས་མྱུར་བཅའ་སྡོད་བྱས་ནས་མང་ཚོགས་ཀྱི་རེ་འདུན་ཤོད་སའི“མཐའ་མའི་ས་ཚིགས”སྐྲུན་དགོས། འགལ་ཟླའི་གནད་དོན་ཐག་གཅོད་བྱ་རྒྱུ་འགག་རྩར་འཛིན་པ་མཐའ་འཁྱོངས་བྱས་ཏེ་འཁོར་རྒྱུག་དངོས་བྱེད་མགྱོགས་སུ་བཏང་ནས་སྣ་མང་མཉམ་བཅོས་ཀྱི“གཅིག་མཐུན་ཚོགས་པ”སྐྲུན་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དམིགས་ཚད་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་ཨང་དང་པོ་སྐྲུན་དགོས། ཚན་རྩལ་གྱིས་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་གྲངས་གཞིའི་བཅོས་སྐྱོང་གི་དཔེ་དབྱིབས་གསར་པ་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་འགན་སྲུང་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་གཅིག་ཏུ་བསྡུས་ཏེ། ཚད་ལྡན་ཅན་འཛུགས་སྐྲུན་གྱི་དམིགས་ཚད་དང་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཧྲའུ་ཁོའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཚེ་བརྟན་ཚོགས་འདུར་ཞུགས་ཡོད་པ་རེད།