རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇཌ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་འཚོགས་པ།
ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། “ནན་ཤོས་བཞིའི”བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྲེང་ཐག་ཧྲིལ་པོའི་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་། ཚེ་སྲོག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལུའོ་མེ་དང་། ལང་ཧྥུའུ་ཁོན། ཀྲའོ་ཕུང་བཅས་ཚོགས་འདུར་ཞུགས་ཡོད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ནི་དམངས་འཚོ་དང་དམངས་སེམས་དང་འབྲེལ་བ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲི་འཁུར་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། “ནན་ཤོས་བཞིའི”བླང་བྱ་རྒྱུན་སྲིང་ལག་ལེན་བསྟར་བ་དེ“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོབ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩི་དགོས། གཙོ་གནད་ལ་དམིགས་ནས་ལྟ་འདོམས་ཀྱི་རང་འགུལ་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་འབྱུང་རྩའི་ལྟ་འདོམས་ལ་དམ་འཛིན་ནན་པོ་བྱས་ཏེ། ཚད་གཞི་མ་ལོན་པའི་ཐོན་རྫས་ཞིང་ནང་ནས་ཁྲོམ་ར་དང་གསོལ་ལྕོག་ཐོག་འདོན་རྒྱུ་གཏན་འགོག་བྱེད་དགོས། ཐོན་སྐྱེད་གཉེར་སྐྱོང་གི་ཉེན་ཁ་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། མ་བྱུང་སྔོན་འགོག ཐོན་སྐྱེད་དང་དོ་དམ་གལ་ཆེ་མཉམ་འཛིན་བཅས་མཐའ་འཁྱོངས་བྱས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་དགོས། ལས་རྣམ་གསར་པ་དང་རྣམ་པ་གསར་པའི་ལྟ་འདོམས་ལ་དམ་འཛིན་ནན་པོ་བྱས་ནས“ལྐོག་ཚོང་ཉོ་སྐྱེལ”ལ་གཙོ་གནད་བཅོས་སྒྲིག་བྱེད་པ་དང་། ཕྱོགས་ཁག་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་བདེ་འཇགས”སྲུང་སྐྱོང་བྱེད་དགོས། སློབ་གྲྭའི་བདེ་འཇགས་དོ་དམ་ཚོད་འཛིན་དང་སྤུས་ཚད་མཐོ་རུ་གཏོང་བར་དམ་འཛིན་ནན་པོ་བྱས་ནས“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ“འགོག་སྲུང་གི་སྒོ་ལྕགས”ཡག་པོ་རྒྱག་དགོས།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། མི་དམངས་མང་ཚོགས་ཀྱི་ཡོངས་ཁྱབ་དོ་ཁུར་བྱེད་པ་དང་། བསམ་འཆར་འདོན་མང་བ། ཡང་ཡང་ཐོན་པ་བཅས་ཀྱི་གནད་དོན་ནས་འགོ་བརྩམས་ཏེ། རང་འགན་ཐེག་པ་ཁུར་ལེན་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། “འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཁྲིམས་བཞིན་བཅོས་སྐྱོང་དང་། ཚད་གཞི་བཟོ་བ། ལམ་སྲོལ་སྟོབས་ཆེན་འཛུགས་པ་དང་ཞབས་ཞུ་ལེགས་སུ་གཏོང་བ། དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁ་སྔོན་འགོག་བཅས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་དང་། ལས་རིགས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་ཏན་ཏིག་བཏང་ནས། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་མཉམ་ཤུགས་ཆགས་པར་བྱས་ཏེ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་ཞུགས་པར་སྐུལ་སློང་བྱས་ཏེ་ཚང་མས་དོ་ཁུར་དང་། ཚང་མ་ཞུགས་པ། ཚང་མར་ཕན་འདོགས་པ་བཅས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།
ཚོགས་འདུའི་ཐོག་2024ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་ཉན་པ་དང་། 2025ལོའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་གཙོ་གནད་ལ་གྲོས་ཞིབ་བྱས་པ་རེད།