རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2025ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཚེས་21ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2025ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། སུན་ཤན་ཀྲུང་། ལང་ཧྥུའུ་ཁོན་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་དང་། ཀྲུང་དབྱང་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དྲུང་ཡིག་ཚོགས་ཆུང་དང་སློབ་གསོ་པུའུ་ཡི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ། 2025ལོའི་སློབ་གསོའི་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། རང་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སློབ་གསོའི་འདེགས་སྐྱོར་ནུས་པ་དེ་བས་ལེགས་པར་འདོན་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་འཛིན་ནན་པོ་བྱས་ཏེ་ཕུགས་བསམ་དང་དད་སེམས་ཀྱི“སྤྱིའི་གཅུས་སྒོ”དམ་དུ་གཏོང་བ་དང་། ལྗོངས་བབ་སློབ་གསོའི“སློབ་ཚན་དང་པོ”ཡག་པོ་འཁྲིད་པ། བསམ་བློ་ཆབ་སྲིད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་སྟངས་གསར་གཏོད་བཅས་བྱེད་དགོས། གྲངས་འཛིན་སློབ་གསོ་དང་སྲོལ་རྒྱུན་སློབ་གསོ་དང་གྲངས་འཛིན་ལྟ་ཀློག་དང་སྲོལ་རྒྱུན་ལྟ་ཀློག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྲོལ་རྒྱུན་སློབ་གསོའི་གཞི་རྩའི་ནུས་རྩལ་གང་ལེགས་སྤྱད་ནས་དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་རིག་ལྡན་སློབ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོ་ཏན་ཏིག་སྤེལ་བ་དང་རྨང་གཞིའི་སློབ་གསོའི་ཕུལ་བྱུང་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དིང་རིའི་ས་ཡོམ་གེགས་ཁུལ་གྱི་སློབ་གསོ་སློབ་ཁྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ལས་རིགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་ཕུལ་བྱུང་གསོ་སྐྱོང་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་ལས་རིགས་སློབ་གྲྭའི་འགག་རྩའི་སློབ་གཉེར་འཇོན་ཐང་གང་མགྱོགས་ཆེ་རུ་གཏོང་དགོས། མཐོ་རིམ་སློབ་གསོ་ལེགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་རང་ལྗོངས་ཀྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་ནས་སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་པ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་། མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། ཏང་གི་འགོ་ཁྲིད་དེ་སློབ་གཉེར་སློབ་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དང་མི་སྐྱོང་གི་ཁྲིད་སྟོན་ཡང་དག་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲིའི་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་སེལ་ནན་པོ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་སློབ་གསོའི་ཁོངས་གཏོགས་རྒྱུན་མཐུད་བརྟན་ལྷིང་དང་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། སློབ་གྲྭའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་སློབ་གྲྭ་འབྲིང་ཆུང་གི་གཞི་རིམ་ཏང་རྩ་འཛུགས་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། རྩ་འཛུགས་ཁྱབ་ཚུལ། མཉམ་འདྲེས་འཕེལ་རྒྱས། རིག་ཚན་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ། སློབ་གྲྭ་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མངོན་གསལ་དོད་པའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་བཅོས་སྒྲིག་བྱ་རྒྱུར་རྒྱུན་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།