རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སངས་སྒྲོལ་མས་གསུངས་དོན།
མི་སྒེར་གྱི་ཕུགས་བསམ་དེ་སློབ་གསོ་རྒྱལ་ཁབ་སྟོབས་ཆེན་གྱི་དུས་རབས་ཀྱི་རླབས་རྒྱུན་ནང་མཉམ་འདྲེས་བྱེད་དགོས།
ཉིན་ཤས་གོང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་པ་སངས་སྒྲོལ་མས་བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་ལྟར། 2025ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྐོར་གྱི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
སྙན་ཞུའི་ཚོགས་འདུའི་ཐོག པ་སངས་སྒྲོལ་མས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་མདོར་བསྡུས་དང་། སྲིད་གཞུང་དང་སྲིད་གྲོས་ལས་དོན་སྙན་སྒྲོན་གྱི་གཙོ་གནད། དེ་བཞིན་མི་སྒེར་ཚོགས་འདུར་ཞུགས་ནས་འགན་འཁྲི་བསྒྲུབས་པའི་མྱོང་ཚོར་སོགས་ཕྱོགས་མང་པོ་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་གསལ་འགྲེལ་གཏིང་ཟབ་གནང་བ་རེད།
དེ་ལས་སློབ་མ་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་ཤེས་རྟོགས་སྔར་ལས་གཏིང་ཟབ་བྱུང་བ་མ་ཟད། ད་དུང་ཚང་མར་མི་སྒེར་གྱི་ཕུགས་བསམ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་གྱི་དུས་རབས་ཀྱི་རླབས་རྒྱུན་ནང་འདྲེས་པར་ཁྲིད་སྟོན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ལ་གཞིགས་ནས་སློབ་སྦྱོང་དང་འཚོ་བའི་ཁྲོད་ཇི་ལྟར་བྱས་ཏེ་དུས་རབས་ཀྱིས་དཀྲིས་པའི་ལས་འགན་ལག་ལེན་བསྟར་རྒྱུར་བསམ་གཞིག་བྱས་ཡོད།
པ་སངས་སྒྲོལ་མས་ད་དུང་ལས་འགན་སྒྲུབ་རིང་གི་མྱོང་ཚོར་ཟབ་མོ་མཉམ་སྤྱོད་ཀྱང་གནང་ཞིང་། ལས་འགན་སྒྲུབ་པའི་བརྒྱུད་རིམ་ནང་པ་སངས་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་མང་ཚོགས་སེམས་ནང་བཅངས་ནས་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པ་གཏིང་ཟབ་ཚོར་ཡོད། རང་ཉིད་ཀྱི་གྲོས་གཞི་ལས་མང་ཚོགས་ཀྱི་དངོས་ཡོད་ཀྱི་དཀའ་གནད་ཐག་གཅོད་ཐུབ་པ་མཐོང་སྐབས་དམངས་འཚོའི་དྲོད་ཚད་བརྒྱུད་སྤྲོད་བྱེད་པའི་ཁོང་གི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད། གཞན་ཡང་ཁོང་གིས་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་ལས་འགན་སྒྲུབ་པའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། ལྷག་པར་དུ་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ་པ་སངས་སྒྲོལ་མས་བོད་ཀྱི་ཡུལ་ནད་དང་ས་མཐོའི་འཚམ་འཕྲོད་རང་བཞིན་གྱི་ཞིབ་འཇུག་ཡུན་རིང་བྱས་པ་ཏེ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་2དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས་10ལྷག་ཙམ་གཙོ་སྐྱོང་བྱས་པ་དང་། ཚན་རྩལ་པུའུ་སོགས་ཀྱི་ཞིབ་འཇུག་བྱ་གཞི་10ལྷག་ཙམ་གྱི་ཞིབ་འཇུག་ནང་ཞུགས་པ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་ཏུ་དཔྱད་རྩོམ་50ལྷག་ཙམ་སྤེལ་ནས་བོད་ཀྱི་གསོ་རིག་ཞིབ་འཇུག་བྱ་གཞག་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།