དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-18

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རེན་ཝེ་དང་། བསྟན་པ། ལྕགས་རྭ་བློ་བཟང་བསྟན་འཛིན། ལུའོ་མེ། ལང་ཧྥུའུ་ཁོན། ཀྲང་ལི། ཀྲའོ་ཕུང་། རྡོ་རྗེ་ཚེ་སྒྲུབ་བཅས་ཞུགས་ཡོད་པ་རེད།

    ཀརྨ་ཚེ་བརྟན་གྱིས་ཚོང་གཉེར་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་དང་། འགྲན་རྩོད་ནུས་ཤུགས། ཡིད་དབང་འགུགས་ཤུགས་བཅས་ཡིན་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ། ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་བ་བཅས་རེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་་མཐའ་འཁྱོངས་བྱས་ཏེ། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་དང་། སྔོན་ཐོན་ཞིང་ཆེན་གྱི་ཚད་གཞི། རྒྱ་ཆེའི་གཉེར་སྐྱོང་བྱེད་པོ་དང་མང་ཚོགས་ཀྱི་རེ་སྒུག་བཅས་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད། དེས་ན་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། “འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། དམ་འཛིན་ལྷོད་མེད་དང་རྒྱུན་དུ་ནས་དམ་འཛིན་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། གཙོ་གནད་ལ་དམིགས་པ་དང་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། རིག་ལྡན་ནུས་སྤྲོད་དང་ཞབས་ཞུ་ནུས་ཆེའི་སྲིད་དོན་ཁོར་ཡུག་བསྐྲུན་ནས་ཁྱབ་ཁོངས་དེ་བས་མང་བ་དང་ཁྱབ་རྒྱ་དེ་བས་ཆེ་སར“ལས་ཕྱོད་ཆེན་པོས་བྱ་བ་སྣ་གཅིག་བསྒྲུབ་རྒྱུར”སྐུལ་འདེད་ཏན་ཏིག་གཏོང་དགོས། འགྲན་རྩོད་དྲང་གཞག་དང་འཁོར་སྐྱོད་ཤར་གཏོང་ཐུབ་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་ནས། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་དེ་བས་མང་བ་སྣོན་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ནི་ཆ་ཤས་གཅིག་ལ་འགྱུར་བ་བྱུང་ན་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པ་ལྟར་ཡིན་ལ། དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་ངར་ཤུགས་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་བྱས་པ་ཞིག་ཡིན་པས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ནན་པོ་འཁུར་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཧུར་ཐག་ཆགས་པར་བྱེད་དགོས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་བསྡུར་ལམ་སྲོལ་བཙུགས་ནས་གདེང་འཇོག་བྱས་འབྲས་བེད་སྤྱོད་དང་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་མཐུད་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།