ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།
ལིའུ་ཅང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྡེ་ཚན་བཙུགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཚོགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་འགན་གཙང་སྒྲུབ་ཏན་ཏིག རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ལས་དོན་ཁག་འགོ་ཡག་པོ་འཛུགས་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད།
ཝང་ཅུན་ཀྲེང་གིས། 2025ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་རེད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་མཐོ་ཤོས་ལ་བརྩིས་ཏེ། ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུ་དང་དོ་དམ་ཡག་པོ་བྱེད་པ། ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། གསར་དར་ཁྱབ་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་དམིགས་སུ་དམ་འཛིན་ཡག་པོ་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་བརྟན་པོ་འཛུགས་པ། གཞི་རིམ་བཅོས་སྐྱོང་ཐད“འཇོན་ཐང་ཞན་པའི”གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མང་ཚོགས་གཅིག་སྒྲིལ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་པོ་བསྟར་བ་དང་། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་རྒྱུ་རྒྱུན་ལྡན་ཅན་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་བྱེད་པའི་ཐབས་ལམ་ཤར་གཏོང་ཐུབ་པ། དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་གི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཟླ་4ཚེས་14ཉིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་ལག་བསྟར་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན། 2024ལོའི་ལས་དོན་ལ་ཕྱོགས་སྡོམ། 2025ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་སེམས་གཅིག་སྒྲིལ། གཞུང་འཁྱོངས་གསར་འབྱེད། ཟུར་བལྟས་ལེབ་མཐོང་། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་གཏོང་བཅས་ཀྱི་ལས་ཀའི་རྩ་དོན་སྤྱི་ཚོགས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱ་གཞག་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མཐིལ་གྲངས་བརྟག་ཞིབ་མཐིལ་རྟོགས་དང་། རིགས་དབྱེ་ཇུས་བསྟར་མཐའ་འཁྱོངས། གཡུལ་ས་བརྟན་པོ་འཛུགས་པ་བཅས་བྱེད་དགོས། ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཁྲིམས་ལུགས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་གྱི་ཞན་ཆ་མགྱོགས་མྱུར་གསབ་པ། དང་བླངས་ཞབས་ཞུ་ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་དགོས། ལས་ཀའི་འགན་འཁྲི་དོན་འཁྱོལ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། ལས་ཀའི་སྟོབས་ཤུགས་ཆེར་གཏོང་། ལས་ཀའི་སྤྱོད་ཚུལ་ལེགས་གཏོང་བཅས་བྱས་ཏེ་ཏང་གི་འགོ་ཁྲིད་ཀྱི་ལེགས་ཆ་སྤྱི་ཚོགས་ཀྱི་ལས་ཀའི་ཕན་ནུས་སུ་ཏན་ཏིག་བསྒྱུར་དགོས་པའི་བླང་བྱ་བཏོན་ཡོད།