ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།
ཀརྨ་ཚེ་བརྟན་དང་ལིའུ་ཅང་ཞུགས་པ།
● དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་དྲ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཚེས་14ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ་རེད། ཁོང་གིས། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དུས་རབས་གསར་པའི་བོད་ཀྱི་དྲ་འཕྲིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འདེགས་སྐྱོར་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀརྨ་ཚེ་བརྟན། ལིའུ་ཅང་། དབང་ཧའེ་ཀྲོའུ། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཀྲང་ཧུང་པོ། ལང་ཧྥུའུ་ཁོན། ཝུའེ་ཤིའུ་ཁྲང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་ཨུ་ལྷན་གྱི་2024ལོའི་ལས་དོན་གནས་ཚུལ་གཙོ་བོའི་སྙན་སེང་ཉན་པ། 2025ལོའི་ལྗོངས་ཡོངས་ཀྱི་དྲ་འཕྲིན་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།
ཝང་ཅུན་ཀྲེང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་དྲ་འཕྲིན་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་མཐོ་ཚད་ཐོག་ནས“འགན་འཁྲི་དང་ལས་འགན་ཆེན་པོ་ལྔ”དང“མཐའ་འཁྱོངས་བཅུའི”རྩ་དོན་གལ་ཆེན་བཏོན་ཏེ། ང་ཚོས་དུས་རབས་གསར་པའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་གོ་བ་བླངས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། དྲ་འཕྲིན་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་དང་སྤུས་ཚད་མཐོ་བའི་དྲ་རྒྱའི་ལྗོངས་སྟོབས་ཆེན་བསྐྲུན་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།
ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་དྲ་ཐོག་ནས་དྲང་ཕྱོགས་བརྒྱུད་སྤེལ་དང་གླེང་ཕྱོགས་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡང་ཡིན་པས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞབས་འདེགས་དང་འགན་སྲུང་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་པར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དྲིལ་བསྒྲགས་ཡག་པོ་དང་། བོད་ཀྱི་བྱ་གཞག་ཁག་ལ་བྱུང་བའི་ཕྱོགས་ཡོངས་ཡར་ཐོན་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བཅས་དྲིལ་བསྒྲགས་ཡག་པོ། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། འཛམ་གླིང་གིས་བོད་ལ་སྔར་བས་ལེགས་པའི་རྒྱུས་མངའ་ལོན་པ་དང་བོད་སྔར་ལས་མགྱོགས་པར་འཛམ་གླིང་གིས་ཤེས་རྟོགས་ཐུབ་པ་བྱེད་དགོས།
འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་དམིགས་སུ་དམ་འཛིན་ཡག་པོ་བྱས་ཏེ་དྲ་ཐོག་གི་ཆབ་སྲིད་བདེ་འཇགས་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ་གཞི་རིམ་ལ་ཁ་ཕྱོགས་པའི་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་བཅས་གཏིང་ཟབ་སྤེལ་ནས། དྲ་ཐོག་དང་དྲ་ཕྱིར་མཐུན་ཆ་ཡག་པོ་འགོད་དགོས།
དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དྲ་ཐོག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དྲ་རྒྱའི་བདེ་འཇགས་ཞིབ་བཤེར་རྒྱུན་རྣམ་ཅན་དུ་སྤེལ་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཉེན་བརྡ་གཏོང་བ། སྔ་ཙམ་ཐེ་ཇུས་བཅས་བྱེད་དགོས། བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་སྟེ་དྲ་རྒྱའི་བར་མཐོངས་སུ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།
དྲ་རྒྱའི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དྲ་རྒྱའི་བདེ་འཇགས་ཀྱི་སྲུང་བཅད་སྔར་བས་བརྟན་དུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ། དྲ་རྒྱའི་གྲངས་གཞིའི་བདེ་འཇགས་དོ་དམ་ཚད་གཞི་བཟོ་བ་དང་། དྲ་འཕྲིན་ལག་རྩལ་གྱི“མཉམ་འདྲེས་གཉིས”ཀྱི་ཚོད་ལྟའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྗོངས་ཡོངས་ཀྱི་དྲ་བ་གཅིག་དང་། མིག་མངས་འགྲིག་སྐོར་གཅིག ཚད་གཞི་ཆ་ཚང་གཅིག་བཅས་ལག་རྩལ་གྱི་དྲ་རྒྱ་དོ་དམ་དང་དྲ་རྒྱ་བཅོས་སྐྱོང་གི་མ་ལག་འཛུགས་མགྱོགས་སུ་གཏོང་བ། ཆ་འཕྲིན་དང་གྲངས་གཞི་གསར་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་གཞི་སྒོ་དབྱེ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དྲ་རྒྱའི་བདེ་འཇགས་འགོག་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས།
ཆ་འཕྲིན་ཅན་གྱི་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་སྐུལ་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུར་དམ་པོར་དམིགས་ཏེ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ནུས་སྐྱེད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ས་མཐོའི་ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲངས་འཛིན་སྲིད་དོན་འཕེལ་རྒྱས་ཧུར་ཐག་གཏོང་བ། སྲིད་དོན་ཞབས་ཞུའི་དྲ་གཅིག་ཀུན་སྒྲུབ་རྒྱུན་མཐུད་ལེགས་སུ་གཏོང་བ། སྡེ་ཚན་སྒྲོལ་བའི་མཐུན་སྦྱོར་བཅོས་སྐྱོང་ནུས་པ་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐད་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ལྡན་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ། དྲ་འཕྲིན་ལས་དོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དྲ་འཕྲིན་ལས་དོན་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། དྲ་འཕྲིན་ལས་དོན་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་དྲ་འཕྲིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་ལེན་བརྟན་པོ་བྱེད་དགོས།