ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།
ཀརྨ་ཚེ་བརྟན་ཞུགས་ནས་གསུང་བཤད་གནང་བ།
ཉེ་ཆར། ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཞུགས་ནས་གསུང་བཤད་གནང་བ་རེད།
བསྟན་པས་གཙོ་སྐྱོང་གནང་བ་དང་ཝུའེ་ཤིའུ་ཁྲང་ཚོགས་འདུར་ཞུགས་ཡོད་པ་རེད།
ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་བོད་དུ་ཡོད་པའི་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་རམ་འདེགས་བྱེད་པར་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ནི་ཁྱིམ་ཚང་ཁྲི་སྟོང་གི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འབྱུང་འགྱུར་གྱི་འདེགས་སྐྱོར་ཞིག་རེད། 2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་རེད་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པས། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་ཏེ་འགན་འཁྲི་གཙང་སྒྲུབ་ཀྱི་བྱ་སྤྱོད་ཐོག་ནས་བསྡུ་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ལས་ཞུགས་རྒྱ་ཆེར་བཏང་ནས་ལས་ཞུགས་གོ་སྐབས་དེ་བས་མང་བ་མཁོ་འདོན་ཧུར་ཐག་བྱེད་པ་དང་། འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱབ་སྐྱོར་དེ་བས་ཆེ་བ་ཐོབ་པར་བརྩོན་ལེན་ཧུར་ཐག་བྱེད་པ། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་ལུགས་ལ་བརྟེན་ནས་སློབ་ཐོན་སློབ་མའི་ལས་ཞུགས་འགན་ལེན་བྱེད་པ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་བསྡུ་ལེན་གྱི་དཀའ་གནད་ཐག་གཅོད་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་ཆེར་གཏོང་བ། རིག་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས་ཤེས་ལྡན་པ་གསོ་སྐྱོང་དང་ཁྲོམ་རའི་དགོས་མཁོ་ཕན་ཚུན་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་པ་དང་། ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་ནས་སློབ་ཐོན་སློབ་མར་ཡང་དག་པའི་ལས་འདེམས་ལྟ་བ་དང་ལས་ཞུགས་ཀྱི་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ལས་གཏོད་ཞབས་ཞུའི་ལས་སྟེགས་འཛུགས་པར་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། ལས་ཞུགས་དུས་བབ་ཁོང་དུ་ཆུད་པ་བྱས་ནས་དུས་ཐོག་ཏུ་འཕར་ཚད་ཀྱི་སྲིད་ཇུས་སྔར་ལས་མང་བ་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས། རྩ་འཛུགས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཆེའི་ཞབས་ཞུའི་ཐོག་ནས་ལས་བསྡུའི་སྤུས་ཚད་ལ་འགན་ལེན་བྱས་ཏེ། “གོང་འོག་བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཞབས་ཞུ་ལེགས་སུ་གཏོང་བ་དང་ཐ་གྲས་སྐྱོང་བའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ། ཕྱོགས་ཡོངས་དང་འཁོར་འབྲེལ་ཧྲིལ་པོའི་ཁེ་ལས་བཙུགས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་འདེགས་སྐྱོར་ལ་རམ་འདེགས་བྱེད་དགོས་པའི་་བླང་བྱ་བཏོན་གནང་བ་རེད།