རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་པ།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་འཚོགས་ཤིང་། མི་སྒེར་གྱི་རང་སྦྱོང་དང་། ཆེད་དོན་ཟུར་ཁྲིད། བགྲོ་གླེང་སྤེལ་རེས་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་སློབ་སྦྱོང་ནན་ཏན་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་བགྲོ་གླེང་སྤེལ་རེས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར། རྩ་འཛུགས་སྡེ་ཚན་དང་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ནི་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡིན་ལ། ཞིབ་ཕྲའི་ཞུགས་པ་པོ་དང་སློབ་གསོ་ཐོབ་མཁན་ཀྱང་ཡིན་པས། འགན་འཁྲི་ཉིས་བརྩེགས་ཕྲག་ཏུ་འཁུར་ཡོད། ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་གི་ཚད་གཞི་དང་གཟབ་ནན་བསྡུར་བ་དང་། ལྗོངས་ཏང་ཨུད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཏེ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་གཞིག་གཏིང་ཟབ་བྱེད་པའི་སྒོ་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱེད་པའི་སྒོ་ནས་སློབ་སྦྱོང་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སེམས་ནང་ཟུག་པ། དོན་ཐོག་ཏུ་འཁྱོལ་བ་བཅས་ལ་སྐུལ་འདེད་གཏོང་དགོས། “དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། རྦད་དེ་བློས་འགེལ་བ་དང་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཐོག་ནས“ཆབ་སྲིད་ལ་སྣང་ཆེན་བྱེད་པ”མཚོན་པ་དང་། སྤྱི་སེམས་དང་། སྤྱི་མོས། དྲང་གཞག་བཅས་ཀྱི་ཐོག་ནས“དྲང་བདེན་ལ་སྣང་ཆེན་བྱེད་པ”མཚོན་པ། དོན་གཉེར་ཞིབ་ཚགས་དང་ལས་དོན་ཞིབ་ཕྲ་བསྒྲུབས་པའི་ཐོག་ནས་“ལས་སྒོ་བྱང་ཆུབ་པ”མཚོན་པ། ཁེངས་སྐྱུང་དང་དམའ་ས་བཟུང་བ་དང་དངོས་སྒྲུབ་འགན་འཁུར་གྱི་ཐོག་ནས“སྤྱོད་ཚུལ་བཟང་པོ”མཚོན་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།