ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་འཛུགས་སྐྲུན་བྱེད་པར་དམིགས་པ། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གང་མགྱོགས་སྐྲུན་པ། འགྲིམ་འགྲུལ་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འགྲོ་ལམ་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་མིག་སྔར་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད། བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས་འགྲེམས་པང་ལ་གཟིགས་པ་དང་སྙན་སེང་གསན་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་གྱི་ཁྲག་རྩ་ལྟ་བུ་ཡིན་པས། ཁྲག་རྩ་བཤངས་ཚེ་གྲོང་ཁྱེར་གཞི་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ། བདེ་འཇགས་དང་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གྲོང་ཁྱེར་གྱི་འགྲིམ་འགྲུལ་གཞུང་ལམ་དྲ་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་ཁོངས་ཀྱི་འགྲིམ་འགྲུལ་ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཚན་རིག་དང་མཐུན་པའི་ཇུས་འགོད་དང་། གོ་རིམ་ལྡན་པའི་ངང་ཨར་སྐྲུན། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཙོ་གནད་ལས་གྲྭའི་ཨར་སྐྲུན་དང་གྲོང་མི་ཕྱིར་སྐྱོད་གཉིས་ཀ་མི་འཕྱུགས་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། བོད་ཀྱི་འཇོན་ནུས། མང་ཚོགས་ཀྱི་རེ་སྒུག་བཅས་ལ་དམིགས་ཏེ་འཆར་འགོད་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་འགྲིལ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་འབུར་དུ་ཐོན་པ་དང་། མ་ལག་རང་བཞིན་ཆེ་རུ་གཏོང་བ། སྒོ་དབྱེའི་རང་བཞིན་མངོན་པ་བཅས་བྱས་ནས། མིག་སྔའི་གཙོ་གནད་རྣམ་གྲངས་དོན་འཁྱོལ་ལ་དམིགས་པ་མ་ཟད། རྣམ་གྲངས་གལ་ཆེན་སྔོན་ལ་བཀོད་སྒྲིག་དང་འཆར་འགོད་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་འགྲིམ་འགྲུལ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། “འཁོར་རྒྱུག་ཕྲ་མོ”ཤར་གཏོང་ཐུབ་པར་བྱས་ཏེ་གཞུང་ལམ་དྲ་བ་ཁྱབ་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་མང་ཚོགས་ཕྱིར་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་འགག་གནད་ཐག་གཅོད་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ཞིབ་ཚགས་ཅན་གྱི་དོ་དམ་དང་མི་གཤིས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། བློ་རིག་འགྲིམ་འགྲུལ་སྐྲུན་མགྱོགས་སུ་གཏོང་བ། སྤྱི་པའི་འགྲིམ་འགྲུལ་དྲ་རྒྱ་རྒྱུན་མཐུད་ལེགས་སུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་ནུས་ཆེ་བཅས་བྱས་ནས། འགྲིམ་འགྲུལ་རྒྱུན་ཆད་མེད་པར་སྟབས་བདེར་གཏོང་དགོས་པ་དང་། མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་དེ་བས་ལེགས་པོ་སྐོང་རྒྱུར་དམིགས་ཏེ། ལེ་ལག་ཚང་བའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་འགྲིམ་འགྲུལ་ཕྱིར་སྐྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཏན་ཏིག་གཏོང་དགོས།