དབང་ཧའེ་ཀྲོའུ་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་ལག་རྩལ་ཉེར་སྤྱོད་ཀྱི་ཆེད་དོན་ཚོགས་འདུར་ཞུགས་པ།
ཚེས་9ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་ལག་རྩལ་ཉེར་སྤྱོད་ཀྱི་ཆེད་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན་བཅས་ཡིན་པའི་ཉི་མ་བཀྲ་ཤིས་ཀྱིས་ཆེད་དོན་འགྲེལ་བཤད་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
དབང་ཧའེ་ཀྲོའུ་ཡིས་བསྟན་དོན། མིག་སྔར་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་རིམ་འཇུག་རིམ་སྤོར་མགྱོགས་སུ་ཕྱིན་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་དང་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་ཡོངས་ལ་འདྲེས་ནས་ཁུལ་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སློང་དང་། ཐོན་ལས་གསར་གཏོད་ལ་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་ཟབ་ཏུ་གཏོང་བ་བཅས་ཀྱི་སྒུལ་ནུས་གསར་པར་གྱུར་ཡོད་པ་དང་ཆབས་ཅིག་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་འགྲན་སློང་གསར་པ་ཡང་འཕྲད་ཡོད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་བཀོད་སྒྲིག་དང་ཉེར་སྤྱོད་བྱེད་པ་ནི་འཐབ་ཇུས་རང་བཞིན་དང་། བརྒྱུད་རིམ་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་འདུ་འགོད་ཅིག་ཡིན་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་སློབ་སྦྱོང་དང་ཁོང་དུ་ཆུད་མཁས་པོ་བྱས་ཏེ། དྲ་རྒྱའི་བར་མཐོངས་ཚན་རིག་དང་མཐུན་པའི་ངང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོའི་ཉེར་སྤྱོད་འཆར་འགོད་ལུགས་མཐུན་བྱེད་པ། ཡིག་མཛོད་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། མི་ཐབས་རིག་ནུས་ཀྱི་ནུས་པར་བརྟེན་ནས་དྲ་འཕྲིན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འདེགས་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པ་གདན་ཞུ་དང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་དང་། ཐོན་ཁུངས་བསྡུ་སྒྲིལ། མཉམ་དུ་འགག་སྒྲོལ། མཐུན་སྦྱོར་གསར་གཏོད་བཅས་བྱས་ཏེ། མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་རང་ལྗོངས་སུ་ཉེར་སྤྱོད་བྱེད་པར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།