རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དང་ཁྲེང་ཀོན་ཆུས་སུ་བརྟག་ཞིབ་གནང་བ།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་ཚོང་དོན་དང་ཁྲོམ་ར་ལྟ་འདོམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་སྔ་རྗེས་སུ་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་སོགས་ཚན་པ་དང་ཁེ་ལས་11ལ་ཕེབས་ནས་བརྟག་ཞིབ་གནང་བ་དང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་དང་ཁྲོམ་ར་ལྟ་འདོམས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་མཉམ་དུ་འཚོལ་ཞིབ་གནང་བ་རེད།
ཀྲའོ་ཕེང་དང་བཅས་པས་སྔ་རྗེས་སུ་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་པད་མ་ནོར་འཛིན་དང་བདུད་རྩི་རྟགས་ཅན་གྱི་བོད་སྨན་སོགས་མཚོན་བྱེད་རང་བཞིན་གྱི་གླིང་ཁུལ་གྱི་ཁེ་ལས་མང་པོ་ཞིག་ལ་འཚམས་འདྲི་གནང་བར་ཕེབས་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཁེ་ལས་ཀྱིས་བཏོན་པའི་མ་དངུལ་བསྡུ་སྒྲིལ་དང་སྲིད་ཇུས་རོགས་སྐྱོར་སོགས་ཀྱི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་གནང་ཞིང་། ཀྲའོ་ཕེང་གིས་དཔལ་འབྱོར་གསར་སྤེལ་ཁུལ་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། དེའི་ཐོན་ལས་གཅིག་སྡུད་དང་། སྒོ་དབྱེ་གསར་གཏོད། དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་ནུས་པ་གང་ལེགས་འདོན་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
ཁྲོམ་ར་ལྟ་འདོམས་ལས་དོན་ལ་བརྟག་ཞིབ་གནང་སྐབས། ཀྲའོ་ཕེང་གིས་ཁྲོམ་ར་ལྟ་འདོམས་ལས་དོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་པ་དང་དམངས་འཚོའི་བདེ་འཇགས་དང་ཐོན་ལས་རིམ་སྤོར་ལ་དམིགས་ནས། བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་གཏོང་བ་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ནན་ཏུ་བཏང་སྟེ“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། བདེ་འཇགས་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་འདོམས་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། བརྒྱུད་རིམ་ཧྲིལ་པོ་དང་། འཁོར་སྦྲེལ་ཧྲིལ་པོ། ཁྱབ་ཁོངས་ཧྲིལ་པོ་བཅས་ཀྱི་བདེ་འཇགས་ལྟ་འདོམས་རྣམ་པ་འཛུགས་དགོས་ཞེས་གསུངས་པ་རེད།