དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་པེ་ཅིང་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-08

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་པེ་ཅིང་དུ་ཚན་རིག་ལག་རྩལ་པུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་དབྱིན་ཧོ་ཅུན་དང་། ཞིང་ལས་གྲོང་གསེབ་པུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་ཧན་ཅུན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ལེ་ཁྲེང་། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་ཀྲའོ་ཁྲུང་ཅིའུ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཨའེ་ལི་སོཌ་དང་མཇལ་འཛོམས་གནང་སྟེ། ཚན་རྩལ་གསར་གཏོད་དང་། ཞིང་འབྲོག་ལས་དེང་རབས་ཅན། ལྗང་མདོག་བཟོ་ལས་འཕེལ་རྒྱས། སྦྲག་སྲིད་ཟོག་འགྲེམས་མ་ལག་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་དོན་གནད་ལ་དམིགས་ནས་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ལའོ་མེ། ལང་ཧྥུ་ཁོན། ཝེ་ཤིའུ་ཁྲང་། ཚེ་རིང་ཕུན་ཚོགས་བཅས་ཞུགས་པ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱིས་དུས་ཡུན་རིང་པོར་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་གནང་བ་རེད། ཀརྨ་ཚེ་བརྟན་གྱིས་གསུངས་དོན། མིག་སྔར་བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ལྟར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད། པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཁག་གིས་སྲིད་ཇུས་གཏན་འབེབས་དང་། རྣམ་གྲངས་བཀོད་སྒྲིག མ་དངུལ་འགན་ལེན། ཤེས་ལྡན་པའི་རོགས་སྐྱོར་སོགས་ཐད་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད།

    རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མགྲིན་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྔོན་ཆད་ལྟར་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། སྲིད་ཇུས་གཏན་འབེབས་བྱེད་པའི་ཐད་བོད་ཀྱི་དམིགས་བསལ་གནས་ཚུལ་དང་འཕེལ་རྒྱས་ཀྱི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ཏེ་གཟིགས་སྐྱོང་འོས་འཚམ་བྱེད་ཀྱི་ཡིན། རྣམ་གྲངས་བཀོད་སྒྲིག་ཐད་བོད་ཀྱི་ཐོན་ཁུངས་ལེགས་ཆ་དང་འཕེལ་རྒྱས་ངེས་གནས་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་གཙོ་གནད་རྣམ་གྲངས་ཁག་གཅིག་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཀྱི་ཐོན་ལས་རིམ་སྤོར་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱེད་ཀྱི་ཡིན། མ་དངུལ་འགན་ལེན་ཐད་འབྲེལ་ཡོད་གཏན་འབེབས་དང་དགོས་མཁོ་དངོས་གཞིར་བཟུང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་གི་ཡིན། ཤེས་ལྡན་པའི་རོགས་སྐྱོར་ཐད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས་བྱང་ཚད་མཐོ་བའི་ལས་བྱེད་པ་དང་ཤེས་ལྡན་པ་གནད་སྨིན་ངང་བདམས་ནས་བོད་སྐྱོར་བྱེད་པར་གཏོང་གི་ཡིན། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་དང་འབྲེལ་གཏུག་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་ནས་མཉམ་ལས་བྱེད་སྟངས་དང་ལམ་སྲོལ་ཐུན་མོང་ཐོག་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། ཕྱོགས་གཉིས་པོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།