རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2025ལོའི་ཁྲིམས་འཛུགས་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2025ལོའི་ཁྲིམས་འཛུགས་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ན་ནིང་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི་ལེགས་སྒྲུབ་བྱས་ཚུལ་དང་ད་ལོའི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི་འགོད་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་ཡོད་འགན་འཁྲི་ཚན་པའི་ཁྲིམས་འཛུགས་ལས་དོན་ལ་སྐུལ་སྤེལ་བཏང་ཚུལ་གྱི་སྙན་སེང་ཉན་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་ཁྲིམས་འཛིན་ཐིང་གི་འགན་འཁུར་བློ་མཐུན་གྱིས་རྣམ་འགྱུར་མཚོན་པའི་གཏམ་བཤད་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡན་ཆིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཏང་གིས་ཁྲིམས་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”དང་འཚམ་པ་དང་། མི་དམངས་མང་ཚོགས་ཀྱི་རེ་འབོད་དང་མཐུན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཅིག་བཟོ་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ལག་ལེན་བསྟར་ནས་དམངས་གཙོའི་ཁྲིམས་འཛུགས་དང་སྒོ་འབྱེད་ཁྲིམས་འཛུགས་མཐའ་འཁྱོངས་བྱེད་དགོས། ས་གནས་ཀྱི་ཁྲིམས་འཛུགས་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་པ། ཁྲིམས་འཛུགས་ལས་དོན་ལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛུགས་ཀྱི་ལས་འགན་ཁག་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།