《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ལས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
སྲུང་སྐྱོང་རྒྱུན་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་པའི་རིག་གནས་ཀྱིས་དམངས་འཚོར་ཕན་པ་འདོགས་པ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་བྱས་པའི《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》རྒྱབ་ཤ་དཀར་པོའི་དེབ་ལས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ལ་མཉམ་འདྲེས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་བསྟར་བྱེད་པ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་འདེད་ཤུགས་ཆེན་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་ཀྱི་དབང་ཆ། དེ་བཞིན་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་ཆེ་རུ་གཏོང་བར་མཐུན་སྦྱོར་བྱེད་པ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་རིགས་ཁག་གི་མི་དམངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད། ཚང་མས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་པའི་རིག་གནས་ཀྱིས་དམངས་འཚོར་ཕན་འདོགས་པ་དང་དགའ་མོས་བྱེད་ས་གཅིག་སྒྲིལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱིས་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྟོབས་ཤུགས་གལ་ཆེན་སྐྱེས་སུ་ཕུལ་ཡོད། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་དྲུང་ཆེ་ལི་ཀང་གིས། རྒྱབ་ཤ་དཀར་པོའི་དེབ་ནང་ཚན་རིག་དང་མཐུན་པའི་སྒོ་ནས་གནའ་དཔེ་དང་ཚད་ལྡན་ཡིག་ཆའི་སྐོར་གླེང་བ་དེས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ལ། དེས་ཁོང་ཚོས་རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་གཞི་ལེགས་སྒྲིག་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་པར་སྔར་བས་སྐུལ་ལྕག་ཀྱང་བྱས་ཡོད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་ས་གནས་ཁག་གི་མང་ཚོགས་ཚོས་རིག་གནས་འཕེལ་རྒྱས་འགྲོ་ཚུལ་དང་གྲུབ་འབྲས་ཚོར་ཡོད། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ་ཀྲའོ་ཝུན་ཧུའེ་ཡིས། རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་རིག་གནས་ཁེ་དབང་འགན་སྲུང་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པར་འཆར་གཞི་ཁ་གསལ་བཀོད་ཡོད། ད་ཆ། གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁྱབ་པའི་རིག་གནས་སྒྲིག་བཀོད་དྲ་རྒྱས་བོད་ཀྱི་མི་དམངས་ཡོངས་ལ་རིག་གནས་ཞབས་ཞུ་སྟབས་བདེའི་ངང་ལོངས་སུ་སྤྱོད་ཐུབ་པ་དང་། གཞི་རིམ་གྱི་རིག་གནས་དཔུང་ཁག་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྤུས་ཚད་མཐོ་བའི་རིག་རྩལ་བརྩམས་ཆོས་སྤུས་ལེགས་ཐོན་པ་དེས་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བརྗོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། བོད་ཀྱིས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བེད་སྤྱོད་བྱེད་པ། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཁེ་དབང་འགན་སྲུང་བཅས་བྱས་པས། བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་སྔར་བྱུང་མྱོང་མེད་པའི་དར་རྒྱས་དང་གོང་འཕེལ་བྱུང་ནས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་ནུས་ལྡན་ཐུབ་ཡོད།
ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་གཞིས་རྩེ་སྦྱང་ཤིང་ཡིག་གཟུགས་ཉམས་ལེན་ཁང་འཛུགས་མཁན་དང་འགན་འཁུར་བ་ཚེ་རིང་བཀྲ་ཤིས་ཀྱིས་གསར་འགོད་པར“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ་སྦྱང་ཤིང་ཡིག་གཟུགས་དང་། སྒྲ་སྙན། ནང་མ་སྟོད་གཞས་སོགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོ་སྦྱོང་སྒྲིག་གཞི་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་དག་གིས་རང་ཉིད་ཀྱི་ཁྱད་ཡོན་ལ་བརྟེན་ནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་སྟེ་མི་དེ་བས་མང་བས་རང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་། དེར་དགའ་ཞེན་བྱེད་དུ་འཇུག་གི་ཡོད”ཅེས་བརྗོད།