ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི(རྒྱ་ཆེ)སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་བཅོས་སྐྱོང་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་བ་དང་།“མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས། མཐའ་མཚམས་བཅོས་སྐྱོང་གི་འདུ་ཤེས་དང་ཉམས་མྱོང་ཤེས་རྟོགས་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་དེ་མཐའ་མཚམས་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ས་ཅི་ཐད་ལ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་མཐའ་མཚམས་བཅོས་སྐྱོང་གི་འཐབ་ཇུས་ཁྲིད་སྟོན་དུ་བརྩི་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་ལས་ཀའི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དེ་མཐའ་མཚམས་བཅོས་སྐྱོང་གི་མ་མཐའི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། མཐའ་མཚམས་བཅོས་སྐྱོང་བྱེད་སྟངས་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་བཅོས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་འགན་འཁྲི་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། དེའི་ཐད་བོད་སོགས་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། ཐོན་ཁུངས་ཕུན་སུམ་ཚོགས་པའི་རྟེན་གཞི་གལ་ཆེན། ཕྱི་ཕྱོགས་སྒོ་དབྱེའི་མདུན་ཕྱོགས་གལ་ཆེན། འཕེལ་རྒྱས་མགྱོགས་སུ་གཏོང་བའི་ས་ཁོངས་གལ་ཆེན་བཅས་ཡིན་པས། གནད་དོན་གནད་ལ་འཁེལ་པོ་འཚོལ་བ་དང་། ལམ་ནོར་མི་ཐེབས་པར་བྱེད་པ། ཞན་ཆ་སེལ་བ་དང་ཞན་ཆ་ལེགས་གཏོང་གི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཚེ། ཞན་ཆ་དེ་རྗེས་ཐོན་གྱི་ལེགས་ཆར་གྱུར་ནས་འཕེལ་རྒྱས་མགྱོགས་པོ་ཡོང་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཐའ་མཚམས་བཅོས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་ཏན་ཏིག་བྱེད་དགོས་པ་སྟེ། གཅིག་ནས་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་སྦྱོང་བྱེད་དགོས་ཤིང་། མཐའ་མཚམས་བཅོས་སྐྱོང་གི“ཚད་འཛིན་ས”ཡི་རྗེས་སུ་དམ་པོར་སྙེགས་པ་དང“ཏང་ཨུད་ཀྱིས་གནད་དོན་འདོན་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གནད་དོན་གསེད་བཀྲོལ་བྱེད་པ། འཐུས་མིས་གནད་དོན་ཐག་གཅོད་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་མཐའ་མཚམས་བཅོས་སྐྱོང་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་དུ་མཉམ་འདྲེས་ཐུབ་པར་བྱེད་དགོས་པ་དང་། གཉིས་ནས་བློ་སེམས་གཅིག་མཐུན་བྱས་ཏེ་ཕུགས་འདུན་སྒྲུབ་དགོས་ཤིང་། མི་རིགས་མཐུན་སྒྲིལ་གྱི“ལྟེ་མཐུན་སྒོར་དབྱིབས”མཉམ་དུ་བཀོད་དེ་ཁྲིམས་འཛུགས་དང་ཁྲིམས་ལུགས་ཁྱབ་གདལ་གཉིས་གོམ་སྟབས་གཅིག་གྱུར་དང་། ལྟ་སྐུལ་དང་ཁྲིམས་ལུགས་ཁྱབ་གདལ་གཉིས་མཐུན་སྦྱོར་ཤུགས་འདོན། འཐུས་མི་དང་ཁྲིམས་ལུགས་ཁྱབ་གདལ་གཉིས་མཉམ་འདྲེས་གཏིང་ཟབ་བཅས་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་བློ་རིག་གཅིག་སྡུད་བྱས་ཏེ་ནུས་པ་སྟོབས་ཆེར་གཏོང་དགོས་ཤིང་། སྤྱི་ཚོགས་བཅོས་སྐྱོང་གི“ཁྲིམས་སྐྱོང་དྲ་བ”འཛུགས་པ་དང་མཐའ་མཚམས་བཅོས་སྐྱོང་དང་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ཁྲོད་དུ་ཆགས་པའི་རང་ལྗོངས་ཀྱི་གསར་གཏོད་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་བསྒྱུར་ནས་གཏན་འཇགས་ཡོང་བ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས། བཞི་ནས་ནུས་ཤུགས་གསོག་འཇོག་བྱས་ཏེ་འཕེལ་རྒྱས་གཏོང་དགོས་ཤིང་། མཐའ་དར་དམངས་ཕྱུག་གི“སྒུལ་ཤུགས་འབྱུང་ཁུངས”སྐུལ་སྤེལ་བྱས་ཏེ། སྒྱུར་བཅོས་ཀྱི་ཐབས་ཇུས་དང་ཁྲིམས་འཛུགས་ཀྱི་ཐབས་ཇུས་ཕན་ཚུན་གཅིག་གྱུར་དང་འབྲེལ་མཐུད་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས། ཐབས་ཇུས་ཡོད་ཚད་མང་ཚོགས་ཀྱི་རེ་འདུན་སྒྲུབ་པའི་དམངས་སེམས་འདུ་འགོད་དུ་འགྱུར་བ་བྱེད་དགོས། ལྔ་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་སྟོབས་ཤུགས་འཕེལ་བར་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི“བློ་གྲོས་མཛོད”སྲ་བརྟན་དུ་གཏོང་བ་དང་། “མི་དམངས་འཐུས་ཚོགས་ལ་རྒྱུས་མངའ་ཡོད་པ”དང“མི་དམངས་འཐུས་ཚོགས་དྲིལ་བསྒྲགས་བྱེད་པ”གཉིས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་དང་། ལག་ལེན་གྱི་དྲོད་ཚད། ཁྱབ་སྤེལ་གྱི་ཕན་ནུས་བཅས་གཅིག་ལྕོགས་ལྡན་པའི་ཞིབ་འཇུག་གྲུབ་འབྲས་དེ་བས་མང་བ་བཏོན་ཏེ། དུས་རབས་གསར་པའི་བོད་ཀྱི་མཐའ་མཚམས་བཅོས་སྐྱོང་གི་གཏམ་རྒྱུད་ཁྱབ་སྤེལ་སྔར་ལས་གསོན་ཉམས་དོད་པ་དང་། འགྲེལ་བཤད་སྔར་ལས་གནད་ལ་འཁེལ་བ། ཤུགས་རྐྱེན་སྔར་ལས་གཏིང་ཟབ་པ་བཅས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།