དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-19

    ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར། སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་ཆ་འཕྲིན་སིའི་སི་ཀྲང་པའོ་དབྱི་ཧུང་གིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་གསལ་འགྲེལ་གཏིང་ཟབ་བྱས་པ་རེད།

    ཀརྨ་ཚེ་བརྟན་གྱིས་འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། དཀའ་གནད་ལས་སྒྲོལ་བ། རྣམ་པ་གསར་གཏོད་བཅས་བྱས་ཏེ་འགག་རྩའི་ལོ་འཁོར་གྱི་རྒྱལ་ཁབ་ཆེན་པོའི་བྱ་གཞག་མངོན་འགྱུར་བྱུང་བ་དང་། རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པའི་རྒྱལ་ཁབ་ཆེན་པོའི་བཅོས་སྐྱོང་མངོན་པ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ལེགས་སྐྱེས་སུ་ཕུལ་བ་བཅས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཉིས་རིང་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་ནང་དོན་ཕུན་སུམ་ཚོགས་པ་དང་དགོངས་པ་གཏིང་ཟབ་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པའི་འཐབ་ཇུས་ཀྱི་ངེས་ཤུགས་དང་བྱ་གཞག་གི་རྣམ་པ་གསར་པ་གཏོད་པའི་བློ་སྟོབས་ཆེན་པོ་གང་ལེགས་མངོན་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”

    མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྟོགས་ངང་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་ཐུབ་པའི་འགན་ལེན་བྱེད་དགོས། གཙོ་གནད་མངོན་གསལ་དོད་པ་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་འཕར་ཚད་སྲིད་ཇུས་སྦབ་ཆ་གཅིག་དང་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པའི“སྐར་ཁུང་དུས་རིམ”དམ་འཛིན་གྱིས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ལས་དོན་སྒྲུབ་མཁས་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས། བདེ་འཇགས་བཅས་སྤྱི་འདོམས་བྱེད་པར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་འཁུར་ཕོད་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་གྲུབ་བྱེད་པ་དང“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་སྐྱོད་དགོས། ལས་སྒྲུབ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང“འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་དོན་འཁྱོལ་མཁན། དངོས་སྒྲུབ་པ་བཅས་མཐའ་གཅིག་ཏུ་ཡག་པོ་བྱས་ཏེ་དངོས་སྒྲུབ་དང་བྱས་རྗེས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།