དབང་ཧའེ་ཀྲོའུ་ཡིས་ཤིན་ཧྭ་དཔེ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་གི་ཤིན་ཧྭ་དཔེ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཐང་མིང་དབྱིན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།
དབང་ཧའེ་ཀྲོའུ་དང་བཅས་པ་དང་ཐོག་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་གི་ཤིན་ཧྭ་དཔེ་ཁང་དུ་ཕེབས་ནས་དཔེ་དེབ་ཕྱིར་ཚོང་དང་། བྱེད་སྒོ་སྤེལ་ཚུལ། མི་མང་ཉུང་། དེ་བཞིན་མང་ཚོགས་ཀྱི་རྒྱུན་གཏན་གྱི་དཔེ་དེབ་ལྟ་ཉོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ལས་ཁུངས་ཚན་པ་དང་སློབ་གྲྭ་སོགས་འབྲེལ་ཡོད་སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། “དཔེ་ཁང+”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་དཔེ་ཁང་གི་སློབ་སྦྱོང་གཡུལ་སའི་ནུས་པ་དེ་གཞོན་ནུ་ལོ་ཆུང་སློབ་མའི་སློབ་སྦྱོང་དཔེ་ཀློག་དང་། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་སྤྲོ་གསེང་། རིག་གནས་བསམ་བཀོད་ཐོན་རྫས་ཁྱབ་སྤེལ། དེ་བཞིན་སྤེལ་རེས་གསོ་སྦྱོང་སྣ་ཚོགས་སོགས་དང་ཟུང་འབྲེལ་གྱིས་སྣ་མང་ཅན་གྱི་རིག་གནས་ལས་རྣམ་དང་རིག་གནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོའི་བྱེད་སྒོའི་ལྟེ་གནས་སུ་བརྟག་ཞིབ་གནང་སྐབས། དབང་ཧའེ་ཀྲོའུ་ཡིས་རྟེན་མཛོད་ཁང་གི་འགྲེམས་སྟོན་རིམ་སྤོར་དང་། རིག་གནས་ཕོ་བྲང་གི་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་བེད་སྤྱོད་དང་བསྐྱར་སྐྲུན་མགྱོགས་པོ། ལས་བཟོའི་བྱེད་སྒོའི་ལྟེ་གནས་འཛུགས་སྐྲུན་གནས་ཚུལ་སོགས་ལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས། ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་དང་དོན་དངོས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བའི་ལངས་ཕྱོགས་ནས་བློ་མཐུན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་དང་། ལྷག་པར་དུ་རྒན་ཡོལ་ཞུས་པའི་བཟོ་པའི་བསམ་འཆར་བསྡུ་ལེན་མང་ཙམ་བྱས་ཏེ། འགྲེམས་སྟོན་བཀོད་སྒྲིག་དང་དེའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་བ་དང་། བཟོ་ལས་ཀྱི་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། དུས་ཚོད་དང་དུས་མཚམས་དབྱེ་བ་གསལ་པོ་འབྱེད་པ། འགྲེམས་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། ནང་དོན་གནད་ལ་འཁེལ་པོས་ཞིབ་པར་བརྗོད་པ། དེང་རབས་ཅན་དང་ཚན་རྩལ་ཅན་གྱི་ལག་རྩལ་བྱ་ཐབས་སྤྱོད་པ་བཅས་བྱས་ནས། བོད་ཀྱི་བཟོ་ལས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་འཐུས་ཚབ་མི་སྣ་དང་དཔེ་མཚོན་གཏམ་རྒྱུད་དེ་བས་མང་བ་གསོན་ཉམས་དོད་པོས་བརྗོད་ནས་ལྟ་སྐོར་བར་ཉམས་ལེན་ཡག་པོ་ཞིག་ཡོང་བར་བྱེད་དགོས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ལས་ཞོར་འཚོ་བ་དང་ལྷག་པར་དུ་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་གཏོང་དགོས་ཤིང་། སློབ་སྦྱོང་རྣམ་པའི་ལས་ཁུངས་དང་ཚན་པ་སྐྲུན་པ་དང་། ལས་བཟོའི་དཔེ་དེབ་ལྟ་ཀློག་ཁང་བསྐྲུན་རྒྱུ་གོ་སྐབས་སུ་བྱས་ནས་ཤིན་ཧྭ་དཔེ་ཁང་ཁྱབ་སྤེལ་བྱ་ཡུལ་ཧུར་ཐག་བཙུགས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོའི་ཁྲོད་དུ་དཔེ་ཀློག་ལ་དགའ་བ་དང་། དཔེ་ཀློག་བྱེད་མཁས་པ། དཔེ་དེབ་ཡག་པོ་ཀློག་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་ཞེས་བསྟན་གནང་བ་རེད།