ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
“ཁྲིམས་ལུགས་འཆད་ཁྲིད”ཀྱི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་བུད་མེད་ལས་མིས་50%བཟུང་བའི་དམངས་གཉེར་ཁེ་ལས་ཁག་13སྒྲིག་འཛུགས་ཀྱིས“‘གྲངས་འཛིན’གྱིས་བུད་མེད་ཀྱི་འཕེལ་རྒྱས་ལ་བརྩེ་བ་འཆང་བ་དང‘ཁྲིམས’ལུགས་ཁྱབ་གདལ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི”འཚམས་འདྲིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུར་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་འདེད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཁྲིམས་ལུགས་འཆད་ཁྲིད”བརྗོད་དོན་གཙོ་བོར་བྱས་ནས《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》གི་ནང་དོན་ལ་གོ་བདེ་ཤེས་སླའི་སྒོ་ནས་གསལ་འགྲེལ་བྱས་ཏེ། 《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག》བཏོན་པ་དེས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་ཕྱོགས་བསྡུས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་ཐུབ་པའི་ནན་བཤད་བྱས་པ་རེད།
ཚོགས་འདུར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁེ་ལས་ཀྱི་འཐུས་མི་13ལ་ཁ་བཏགས་གཡོགས་པ་དང་འཚམས་འདྲིའི་དངུལ་སྒོར་2000(ཁྱོན་དངུལ་སྒོར་ཁྲི་2.6ཟིན་པ)སྤྲད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཚོགས་འདུར་ཞུགས་མཁན་རྣམས་ལ་རྒྱ་བོད་ཤན་སྦྱར་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ལག་དེབ་ཀྱང་སྤྲད་པ་རེད།