དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-17

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་ཐོག་ནས་ལྷ་ས་གྲོང་ཁྱེར་དུ་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཤིང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་རྒྱུན་འཁྱོངས་བྱས་ནས། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པའི་ཐོག་ནས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    དང་ཐོག་ལིའུ་ཅང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་ས་གནས་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གནས་ཚུལ་ལ་བརྙན་ལམ་ནས་བཀོད་གཏོང་དང་ཞིབ་བཤེར་གནང་སྟེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། ཕུགས་ཕན་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་དང་། ལས་ཀའི་བྱེད་ཐབས་གནས་ལ་འཁེལ་བ། མི་སྣའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་དང་ཕན་འབྲས་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་ལྡན་པ་དང་གོ་རིམ་ལྡན་པར་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལིའུ་ཅང་དང་བཅས་པ་གནའ་གྲོང་བར་སྐོར་གྱི་སྲང་ལམ་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། བདེ་འཇགས་ཞིབ་བཤེར་བྱ་ཡུལ་བཅས་སུ་ཕེབས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་དང་སྡེ་ཁུལ་གྱི་ལས་བྱེད་པ། ལས་སྒྲུབ་མི་དམངས་ཉེན་རྟོག་པ་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་དང་སྤྱི་ཚོགས་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    སྤྲོ་བདེ་ཁང་གསར་དགོན་དང་། རྨེ་རུ་དགོན་པ། རྨེ་རུ་པར་ཁང་སོགས་སུ་ལིའུ་ཅང་གིས་དགོན་པའི་རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། རིག་དངོས་སྲུང་སྐྱོབ་དང་རྒྱུན་གཏན་སྲུང་སྐྱོང་དོ་དམ་ལ་སྐུལ་འདེད་གཏོང་བ་དང་མེ་ཟོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ་དང་། ཁོང་གིས་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས“འདུ་ཤེས་གསུམ”ནང་སེམས་རྒྱུད་དུ་འཇགས་པ་དང་ཕྱིའི་ལག་ལེན་དུ་འཁྱོལ་བ་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལྟ་སྐུལ་ཞིབ་བཤེར་གནང་སྐབས་ལིའུ་ཅང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཨང་དང་པོར་བཞག་ནས་མཐའ་ཚད་ཀྱི་བསམ་གཞིག་དང་མཐར་སོན་གྱི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བསྐྱངས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་ཏན་ཏིག་བསྒྲུབས་ཏེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་གཏོད་པ་བཅས་བྱས་ནས་ཁྱབ་ཁོངས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ལྡན་གྱིས་སྔོན་འགོག་དང་སེལ་བ། ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བཅས་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།