དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་སེ་ར་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-03-17

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་འབྲེལ་གཏུག་གནང་སའི་དགོན་སྡེ་སེ་ར་དགོན་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དགོན་སྡེ་བརྟན་ལྷིང་དང་། བསྟན་དོན་ལམ་ལྷོངས། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་འགན་ལེན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཀང་བྱེད་སྒོར་ལྷན་དུ་ཞུགས་པ་རེད།

    ཀརྨ་ཚེ་བརྟན་གྱིས་སེ་ར་དགོན་གྱི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དགོན་སྡེའི་དགེ་འདུན་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་པ་དང་མེ་ཟོན་དཔོན་དམག་སོགས་ལ་གཟིགས་ནས་འཚམས་འདྲིའང་གནང་བ་རེད། ཁོང་གིས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་གྲྭ་བཙུན་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་སེམས་ལ་རྩ་བ་ཚུགས་པར་བྱས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། དགོན་སྡེའི་དོ་དམ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དགོན་སྡེ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་དང་ནང་དོན་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱ་ཆེའི་དགེ་འདུན་པ་རྣམས་ལ་ཆོས་ལུགས་ལས་རྒྱལ་ཁབ་གཙོ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ། ཆོས་པ་ལས་སྤྱི་དམངས་གཙོ་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ། སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་དད་ལྡན་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་བཅས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་དང་ཁ་ཕྲལ་ལ་ངོ་རྒོལ་དང་འཐབ་རྩོད་བྱེད་པའི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། ཁྲིད་སྟོན་དང་། ཞབས་ཞུ། དོ་དམ་སོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་བསྒྲུབས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་དགོན་ཕན་གྲྭ་ཕན་སྐོར་གྱི་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    སེ་ར་དགོན་གྱི་སེར་གཙུག་དཔེ་མཛོད་ཁང་དུ་ཀརྨ་ཚེ་བརྟན་གྱིས་རིག་དངོས་དང་གནའ་དཔེ་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཚུལ་མཁྱེན་རྟོགས་ཟབ་མོ་གནང་ཞིང་། ཁོང་གིས། དགོན་སྡེའི་རིག་དངོས་ནི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་རེད། དེར་བརྟེན་རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་སོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིག་དངོས་བདེ་འཇགས་ལ་འཕྱུག་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས། རིག་དངོས་དང་གནའ་དཔེ་བསྡུ་སྒྲིག་ཞིབ་འཇུག་དང་། སྲུང་སྐྱོབ་རྒྱུན་འཛིན། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་འཁྱོངས་གསར་འབྱེད་ཀྱིས་དར་རྒྱས་གོང་འཕེལ་གཏོང་བ་དང་། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། བསྡུ་སྒྲིག དྲིལ་བསྒྲགས་བཅས་བྱེད་པ། རིག་དངོས་ལ་གསོན་ཤུགས་རྒྱས་པར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།