བསྟན་པས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་འཛད་རྫས་རྙིང་པ་གསར་པར་བརྗེ་བ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཚོང་དོན་ཐིང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་མི་སྣ་བཅས་ཀྱི་སྣེ་ཁྲིད་དེ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་། འཛད་རྫས་རྙིང་པ་གསར་པར་བརྗེ་བ། དེ་བཞིན་བསྐྱར་སྤྱོད་ཐོན་ཁུངས་ཚུར་བསྡུ་བེད་སྤྱོད་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ། བསྟན་པས་སློབ་གྲྭས་ཐབས་ལམ་མང་པོ་ནས་སློབ་མའི་ལས་ཞུགས་དང་། རང་བརྟེན་ལས་གཏོད། ལྗོངས་ཕྱིའི་ལས་ཞུགས་སོགས་ལ་སྐུལ་འདེད་བཏང་ལུགས་ཀྱི་ངོ་སྤྲོད་གསན་པ་དང་འབྲེལ། ལག་ལེན་དངོས་སྦྱོང་དང་། རྩལ་ནུས་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་། ལས་ཞུཌ་བྱེད་སྟངས་གསར་གཏོད་སོགས་སློབ་གྲྭས་སྤེལ་བའི་ལས་དོན་ལ་ཁས་ལེན་གནང་ཞིང་། ཁོང་གིས། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱི་འབྲེལ་ཡོད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག་ཧུར་ཐག་སྐྲུན་པ་བཅས་བྱས་ནས་ལས་རིགས་སློབ་གསོ་དེ་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཅ་ཧུའེ་ཏུའོ་ཏུའོ་གྲངས་རིག་ཞབས་ཞུ་ཀུང་སི་དང་། ཅིང་ཏུང་གློག་ཀླད་གྲངས་འཛིན་ཚོང་གྲོང་། ལྷ་ས་དབྱི་ཤིན་རྙིང་ཧྲུལ་ཚུར་བསྡུ་ཀུང་སི་བཅས་སུ། བསྟན་པས་ཁེ་ལས་འཁོར་སྐྱོད་བྱེད་སྟངས་དང་། ལས་སྒོའི་ཁྱབ་ཁོངས། དབྱེ་གསེས་ལས་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། འཛད་རྫས་རྙིང་པ་གསར་པར་བརྗེ་ཤུགས་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་ཁ་གསབ་སྲིད་ཇུས་རྒྱུན་ཆད་མེད་པར་ལེཌ་སུ་གཏོང་བ་དང་། འགྲོ་ལུགས་ལས་རིམ་སྟབས་བདེ་རུ་གཏོང་བ། ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་འཛད་སྤྱོད་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་འབྲེལ་ཡོད་ཁེ་ལས་ཀྱི་རང་བརྟེན་རང་བཞིན་དང་གསར་གཏོད་རང་བཞིན་གང་ལེགས་འདོན་པ་དང་། ཐོན་ལས་སྔ་མ་དང་ཕྱི་མའི་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་རང་ལྗོངས་ཀྱི་བསྐྱར་སྤྱོད་ཐོན་ཁུངས་འཁོར་རྒྱུག་མ་ལག་སྐྲུན་པར་གྲུབ་འབྲས་གསར་པ་འཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།