རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཟླ་བ་དང་པོ་དང་གཉིས་པའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བཀོད་གཏོང་གནང་བ།
ཚེས་6ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཟླ་བ་དང་པོ་དང་གཉིས་པའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་བཀོད་གཏོང་དང་། དུས་བབ་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ཚོགས་འདུར་ཞུགས་ཡོད་པ་རེད།
རེན་ཝེ་ཡིས་གསུངས་དོན། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་ས་གནས་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་ནས་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱ་ཐབས་སྣ་མང་སྤྱད་དེ་དཔལ་འབྱོར་ལས་དོན་གྱི་དུས་རིམ་ཁག་གི་དམིགས་ཚད་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བས་ཟླ་བ་དང་པོ་དང་གཉིས་པར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་བྱུང་ཡོད།
རེན་ཝེ་ཡིས་ནན་བཤད་གནང་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། དམིགས་ཚད་ལས་འགན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་བྱས་ནས། སྔོན་གཏན་འཁེལ་བའི་མཚམས་ཚིགས་ཀྱི་དམིགས་ཚད་ལྟར་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གཙོ་གནད་ལ་དམིགས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད་བྱས་ནས་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཏེ་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་འགུལ་ནུས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་ཕན་འབྲས་སྣོན་མ་འདོན་སྤེལ་བྱས་ཏེ་ད་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་དང་འཕར་འབོར་སྲིད་ཇུས་ཇུས་འགོད་ཡག་པོ་བྱས་ཏེ“གཙོ་གལ་གཉིས”དང“གསར་གཉིས”སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་མ་ལག་གི་བཀོད་གཏོང་དབྱེ་ཞིབ་བྱེད་ནུས་ཆེ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་འཕར་ཚད་ཁྱབ་ཁོངས་སུ་གནས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག“འགོ་ཚུགས་བཀྲ་ཤིས”ཡོང་བའི་འགན་ལེན་བྱེད་དགོས།