རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་མུ་མཐུད་ཞུགས་པ།
ཚེས་8ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་ཤིང་། རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་ཏུ“ཆེས་མཐོའི་ཁང་གཉིས”ཀྱི་སྙན་སྒྲོན་དང་། ཚོགས་འདུའི་གྲོས་ཆོད་ཁག་དང་སྙན་སྒྲོན་གྱི་འཆར་ཟིན་ལ་གྲོས་བསྡུར་གནང་བ་རེད།
ཨུ་ཡོན་བསོད་ནམས་ཉི་མ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ལ་སོ་སོར་ཞུགས་པ་རེད།
ཨུ་ཡོན་ཚོས“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། སྙན་སྒྲོན་གཉིས་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱབ་ཡོད་པས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཁྲིམས་འཛིན། འཕེལ་རྒྱས་འགན་སྲུང་བཅས་ཀྱི་ཁྲིམས་འཛིན་ལག་ལེན་མངོན་པ་དང་། དུས་རབས་གསར་པའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་མངོན་ཡོད། དེ་ནི་ཆབ་སྲིད་ཀྱི་མཐོ་ཚད་ལྡན་པ་དང་། ཁྲིམས་སྐྱོང་གི་དྲང་བདེན་མངོན་པ། དམངས་ལ་བཅངས་པའི་བརྩེ་སེམས་མངོན་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། གྲོས་བསྡུར་གནང་རིང་། ཨུ་ཡོན་ཚོས་བཅའ་ཁྲིམས་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུ་ནོར་བདག་དབང་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནད་དོན་སྐོར་ལ་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
ཨུ་ཡོན་ཚོས། ཚོགས་འདུའི་གྲོས་ཆོད་ཁག་དང་སྙན་སྒྲོན་འཆར་ཟིན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད་པས། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ནས། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་བརྟན་དུ་བཏང་བ་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད་ཅེས་གསུངས་པ་རེད།