རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་གནང་བ།
ཟླ་3ཚེས་6ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་གི་གྲོས་བསྡུར་བྱས་པ་རེད།
བསོད་ནམས་ཉི་མ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་། ཞུས་ཅན་ཅུན་སོགས་རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་རིགས་ཁོངས་ཁག་ཏུ་མཉམ་འབྲེལ་ཚོགས་ཆུང་དང་ཚོགས་ཆུང་གི་ཚོགས་འདུར་སོ་སོར་ཞུགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན། འཐུས་མིའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་བསྡུར་ནན་ཏན་གནང་བ་རེད།
ཨུ་ཡོན་ཚོས། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དེ་སེམས་ཤུགས་རབ་འཕེལ་དང་གདེང་ཚོད་ཆེ་རུ་གཏོང་བ་དང་། དུས་བབ་ལ་དབྱེ་ཞིབ་གནང་བ་དེ་ཕྱོགས་ཡོངས་དང་ལུགས་དང་མཐུན་ལ་གཏིང་ཟབ་ཅིང་གནད་ལ་འཕིགས་པ། དམིགས་ཚད་དང་སྲིད་ཇུས་གཏན་འབེབས་གནང་བ་དེ་གནད་ལ་འཁེལ་ཞིང་ནུས་པ་ལྡན་པ་དང་གཙོ་གནད་འབུར་དུ་ཐོན་པ་བཅས་ཡོད་ཅིང་། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གཅིག་མཐུན་གནང་བ་མ་ཟད། རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།
ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོའང་རེད། ཨུ་ཡོན་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་ལེན་ཏན་ཏིག་བསྟར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།