དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྐབས་ལྔ་པའི་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་དང“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-28

    ཚེས་26ཉིན། སྐབས་ལྔ་པའི་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་དང“ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”རིགས་གཅིག་མཁས་ཅན་གྱི་བློ་འདྲིའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཕེལ་རྒྱས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། 

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ལང་ཧྥུའུ་ཁོན། ཀྲང་ལི་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཀརྨ་ཚེ་བརྟན་གྱིས་གསར་དུ་བསྐོ་གཞག་བྱས་པའི་ཨུ་ཡོན་ལ་གདན་ཞུའི་ཡི་གེ་སྤྲད་པ་དང་། ཅང་ཞའོ་ཅོན་དང་། ཀའོ་དབྱང་། ཝང་ཁྲེང་ཧྲན། ཡན་ཀྲི་ཡུང་། ཉི་མ་བཀྲ་ཤིས། ཝུའུ་ས། ཧྥན་ཞའོ་ཅན་བཅས་ཨུ་ཡོན་7གྱིས“ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར”དམིགས་ནས་གཙོ་དོན་གཏམ་བཤད་སྤེལ་བ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

    ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་དུས་ཡུན་རིང་པོར་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྐབས་རིམ་བྱུང་གི་ཨུ་ཡོན་དང་ལས་རིགས་ཁག་གི་གྲོགས་པོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་ལུགས་མཚོན་པ་དང་ཆབས་ཅིག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཏན་འཁེལ་གཉིས”ལ་སྲུང་སྐྱོང་བརྟན་པོ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱ་རྒྱུ་དེ་འཕེལ་རྒྱས་བློ་འདྲིའི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཨུ་ཡོན་རྣམ་པས་རང་ངོས་ཀྱི་ཞིབ་འཇུག་ཁྱབ་ཁོངས་དེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མིག་སྔར་ཐག་གཅོད་བྱེད་པ་དང་། འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་པ། སྤྱི་ཡོངས་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ཁག་གཅིག་མང་ཙམ་བཏོན་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དམངས་གཙོའི་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་ལ་ཕན་ཐོགས་ཡོད་པའི་དཔྱད་གཞི་དེ་བས་མང་བ་མཁོ་འདོན་བྱེད་རྒྱུའི་རེ་བ་ཡོད། “སེམས་སྦྲེལ་ཟམ་པ”ཡག་པོ་བསྐྲུན་པ་དང་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་ནས་ཨུ་ཡོན་རྣམ་པས་འབྲེལ་བ་རྒྱ་ཆེ་བ་དང་། སྙན་གྲགས་མཐོ་བ། ཤུགས་རྐྱེན་ཆེ་བ་བཅས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཡག་པོ་བཏོན་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།