རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་3པ་འཚོགས་པ།
ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་2025ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་3པ་གཙོ་སྐྱོང་གནང་ནས། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ། 2025ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་སློབ་སྦྱོང་དང་གསོ་སྦྱོང་གི་ལས་དོན་འཆར་གཞི་དང་རྒྱུན་ལས་ཨུ་ལྷན་ཏང་ཙུའི་འདུ་ཤེས་འཛིན་སྟངས་ལས་དོན་ལ་ཞིབ་འཇུག ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཝང་ཅུན་དང་། ཏང་ཙུའི་ཁོངས་མི་ཀྲང་ཡན་ཆིང་དང་། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ ལིའུ་ཀོང་ཤུས་བཅས་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཞབས་ཞུ་འགན་སྲུང་ལས་དོན་ནན་ཏན་སྒྲུབ་པ། ཉེ་དུས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ལས་དོན་སྔོན་ལ་ཇུས་འགོད་དང་། སྔོན་ལ་གྲ་སྒྲིག སྔོན་ལ་མཐུན་སྦྱོར་བཅས་བྱས་ནས། བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།